ཞི་བདེའི་འོད་སྣང་།

སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཨོ་གླིང་ཁུལ་དུ་ཆིབས་བསྒྱུར་མཛད་འཕྲིན་བསྐྱངས་པའི་རིམ་པ་གསལ་བར་བཀོད་པ།

༄༅། །དེ་ལ་འདིར་འཕགས་མཆོག་ཕྱག་ན་པདྨོའི་རྣམ་སྤྲུལ། གངས་ལྗོངས་ཆོས་སྲིད་གཉིས་ཀྱི་བདག་པོ། སྤྱི་ནོར་༧གོང་ས་ལྷ་མིའི་རྣམ་འདྲེན་ཆེན་པོ་མཆོག་དགུང་གྲངས་༡༦ སྟེང་ནས་གངས་ལྗོངས་རྒྱལ་ཁབ་ཆེན་པོའི་ལུགས་གཉིས་ཆབ་སྲིད་ཀྱི་ཐུགས་འགན་བསྐྱེད་བཞེས་གནང་ནས་བཟུང་། ཕྱི་ལོ་ ༡༩༥༤ ལོར་ཁྱིམ་མཚེས་རྒྱལ་ཁབ་རྒྱ་ནག་གི་ས་ཁུལ་ཁག་ལ་ཆིབས་བསྒྱུར་བསྐྱངས་ཏེ་རྒྱ་ནག་གི་གཙོ་འཛིན་མའོ་ཙེ་ཏུང་གཙོས་དཔོན་རིགས་ཁག་ལ་མཇལ་འཕྲད་ཀྱིས་རྒྱ་ནག་གི་སྤྱི་ཚོགས་གནས་སྟངས་ལ་ཞིབ་གཟིགས་གནང་། འདི་ནི་༸གོང་ས་མཆོག་ཕྱིའི་རྒྱལ་ཁབ་ཏུ་ཆིབས་བསྒྱུར་གནང་བ་ཐོག་དང་པོ་དེ་ཡིན། ཕྱི་ལོ་ ༡༩༥༦ ལོར་སྟོན་པ་ཐུབ་པའི་དབང་པོ་མྱ་ངན་ལས་འདས་ནས་ལོ་ ༢༥༠༠ འཁོར་བར་དྲན་གསོ་ཞུ་སླད་རྒྱ་གར་འཕགས་པའི་ཡུལ་དུ་ཆིབས་བསྒྱུར་བསྐྱངས་ནས་རྒྱ་གར་གྱི་སྲིད་འཛིན་ཌོག་ཊར་རཱཇེནྡྲ་པྲསཱད་མཆོག་གིས་གཙོས་སྲིད་བློན་ནེ་ཧ་རུ་སོགས་དང་མཇལ་འཕྲད་བསྐྱངས། ཕྱི་ལོ་ ༡༩༥༩ ལོར་བོད་རྒྱ་ཆེའི་མི་མང་གི་ཞི་བའི་ངོ་རྒོལ་ལ་རྒྱ་ནག་གཞུང་གིས་ཡ་ང་གདུག་རྩུབ་ལྡན་པའི་དྲག་གནོན་བྱས་པར་བརྟེན་༧གོང་ས་རྒྱལ་བའི་དབང་བོ་སྟོན་འཁོར་རྒྱ་གར་དུ་བཙན་བྱོལ་ལ་ཕེབས། ཕྱི་ལོ་ ༡༩༦༧ ལོར་ཐོག་མར་ཤར་ཨེ་ཤེ་ཡའི་རྒྱལ་ཁབ་ཉི་ཧོང་དང་། དེ་ནས་ཐེ་ལེན་ཌི་ལ་ཆིབས་བསྒྱུར་བསྐྱངས་ནས་ཡུལ་དེ་གའི་ཆབ་སྲིད་ཀྱིས་དབུ་ཁྲིད་དང་རྒྱལ་བློན་སོགས་ལ་མཇལ་འཕྲད་བསྐྱངས།

            ཕྱི་ལོ་ ༡༩༧༣ ལོར་ཡེ་ཤུ་ཆོས་ལུགས་ཀྱི་ལྟེ་བ་ལྟ་བུའི་རོམ་ལ་ཆིབས་བསྒྱུར་བསྐྱངས་ནས་བླ་ཆེན་པོབ་ལ་མཇལ་འཕྲད་གནང་སྟེ་ཡོ་རོབ་ཁུལ་དུ་ཆིབས་བསྒྱུར་གྱི་དབུ་ཚུགས་པ་ནས་བཟུང་ཨ་རི་དང། དབྱིན་ཇི། ཧྤ་རན་སི། ཨུ་རུ་སུ། འཇར་མན། ཉི་ཧོང། ཐེ་ཝན། ཨོ་སི་ཊོ་ལི་ཡ། སོག་པོ་སོགས་ཤར་ནུབ་ཀྱི་རྒྱལ་ཁབ་མང་པོར་ཆིབས་བསྒྱུར་གནང་སྟེ་སྲིད་འཛིན་དང་སྲིད་བློན་གྱིས་གཙོས་པའི་དཔོན་རིགས་དང་། ཆོས་ལུགས་འདྲ་མིན་ཁག་གི་བླ་ཆེན། ཚན་རིག་པ་དང་ལོ་རྒྱུས་རིག་པ་སོགས་གྲགས་ཅན་མི་སྣ་མང་པོར་མཇལ་འཕྲད་གནང་སྟེ་འཛམ་གླིང་ཞི་བདེ་དང་། འགྲོ་བ་མིའི་ཐོབ་ཐང་། ཁོར་ཡུག་སྲུང་སྐྱོབ། ཆོས་ལུགས་ཕན་ཚུན་བར་དག་སྣང་གི་མཛའ་མཐུན་ཡོང་ཐབས། བོད་རྒྱའི་དཀའ་ངལ་ཀྱང་འཚེ་མེད་ཞི་བའི་ལམ་ནས་ཐག་གཅོད་དགོས་པ་བཅས་ལ་ཐུགས་ཁུར་ཆེ་བཞེས་གནང་བར་བརྟེན། ཕྱི་ལོ་ ༡༩༨༩ ལོར་འཛམ་གླིང་ན་སྙན་གྲགས་ལྡན་པའི་ནོ་བྷེལ་ཞི་བདེའི་གཟེངས་རྟགས་ཕུལ་ཏེ་ཞི་བདེའི་དེད་དཔོན་ཆེན་པོར་མངའ་གསོལ་བ་དང་། དེ་མིན་སྙན་གྲགས་ལྡན་བའི་ཆེ་བསྟོད་ཀྱི་གུས་བཀུར་མཚན་གཟོས་རྟགས་མ་བརྒྱ་ཕྲག་ལྷག་ཕུལ་ཡོད།

            དེ་ལྟར་རྒྱལ་བསྟན་སྤྱི་དང་། ཁྱད་པར་དུ་བོད་གངས་ཅན་གྱི་སྣོད་བཅུད་གཉིས་ཀྱི་ཉམས་ཆག་དང་རང་དབང་། འདྲ་མཉམ། ཐོབ་ཐང་སོགས་འཛམ་གླིང་མི་མང་གི་མིག་མདུན་ལ་བཤམས་ནས་རྒུད་པའི་མཐའ་ལ་ཐུག་པའི་ལོ་རྒྱུས་ཀྱི་རྨང་གསོས། རང་དབང་རྩ་བ་ནས་བྲལ་བའི་དོན་དངོས་གདོང་བསྟན། བྱུང་རབས་ལ་འཁྱོག་བརྗོད་བྱས་པའི་གཡོ་སྒྱུའི་མཚང་བརྟོལ་ནས་ཨོ་སི་ཊོ་ལི་ཡའི་རྒྱལ་ཁབ་འདིར། ཕྱི་ལོ་ ༡༩༨༢ ལོར་ཆིབས་བསྒྱུར་ཐོག་མར་བསྐྱངས་པ་ནས། ཕྱི་ལོ་ ༢༠༡༥ ལོའི་བར་ཆིབས་བསྒྱུར་ཐེངས་བཅུ་ལ་བསྐྱངས་ཏེ་ཞབས་ཀྱིས་བཅགས་ཤིང་བྱིན་གྱིས་བརླབས་ཡོད། ཞབས་སོར་བཀོད་ཐེངས་རེ་རེའི་མཛད་འཕྲིན་སྐོར་རྒྱལ་ཁབ་ཕྱི་ནང་གི་ཚགས་ཤོག་དང་རླུང་འཕྲིན། བརྙན་འཕྲིན་སོགས་གསར་འགོད་བརྒྱུད་ལམ་ཁག་ཏུ་སྤེལ་བ་རྣམས་ཕྱོགས་གཅིག་ཏུ་ཐམས་ཅད་བསྡོམས་ནས་ཡི་གེར་ཕབ་ན་གླང་ཆེན་གྱི་ཁལ་རྒྱབ་གཅིག་གི་ཚོད་དུ་སྣང་བས། ནུབ་ཕྱོགས་སུ་ལས་བྲེལ་གྱི་ཁོལ་པོར་གྱུར་པ་ཞིག་གིས་རྔོ་ཐོགས་པའི་ལས་འགན་ཞིག་གཏན་ནས་མིན། ཡིན་ནའང་འདིར་འབྲེལ་གྱི་ཚོགས་པ་སྒྲིག་འཛུགས་ཁག་ཀྱང་ལ་ལ་ནི་སྒོ་བརྒྱབ། ཁ་ཤས་ཀྱིས་ལས་བྱེད་བརྗེ་སྤོ་བརྒྱབ་པ་སོགས་ཀྱི་དབང་གིས་སྔར་ཡོད་ཀྱི་ཡིག་ཆ་དང་འོད་སྡེར། ཡིག་མཛོད་གསོག་སྣོད་སོགས་ཟད་གྲོན་དུ་སོང་བའང་འདུག་པས། མ་འོངས་པ་ན་གསེར་ལས་དཀོན་པའི་རྒྱུ་ཆ་འདི་དག་ཆུད་ཟོས་སུ་སོང་ན་བློ་ཕངས་པའི་རྒྱུ་རུ་ཆེ་བར་བརྟེན་རི་བོང་གནམ་རྡིབ་ཀྱི་སྡུག་བསྔལ་འདི་ཁུར་དུ་བླངས་པ་ཡིན།

            དེ་ཡང་ལས་ཀའི་བྲེལ་ཟིང་གི་ཁྲོད་ནས་བར་གསེང་དང་གུང་གསེང་གི་ཆུ་ཚོད་བཏང་ནས་རྒྱུ་ཆ་འཚོལ་སྒྲུབ་བྱས་པ་དང་། གལ་ཆེའི་མི་སྣ་ཁག་ལ་གླེང་མོལ་དང་བཅར་འདྲི། གྲོང་ཁྱེར་སི་ཌི་ནི་དང་མེལ་བྷོན་གྱི་མངའ་སྡེའི་གཞུང་དང་ས་གནས་ཀྱི་དཔེ་མཛོད་ཁང་སོགས་ལ་དངོས་སུ་བསྐྱོད་ནས་རྒྱུ་ཆ་བསྡུ་རུབ་བྱས། གཞན་ཡང་༧གོང་ས་རྒྱལ་བའི་དབང་པོའི་མཛད་རྣམ་ཁག་དང་། དགའ་ལྡན་ཕོ་བྲང་གི་དྲ་རྒྱ། གཞུང་འབྲེལ་གསར་ཤོག་ཤེས་བྱ ། རང་དབང་གསར་འཕྲིན། རྒྱལ་སྤྱིའི་གསར་ཤོག་སྟེ་ཝ་ཞིན་ཀྲོན་ཕོ་ཉ། ཨོ་གླིང་གི་སི་ཌི་ནིའི་ཞོགས་པའི་ཚགས་པར། ཁེན་བྷི་རའི་དུས་བབ། ས་གནས་བོད་མིའི་གསར་འཕྲིན་རྒྱང་འབོད། གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་དྲ་རྒྱ་དང་། དཔེ་དེབ། འོད་སྡེར། སྒྲ་མཛོད་སོགས་ལ་གཞི་བཅོལ་ནས་ ༼ཞི་བདེའི་འོད་སྣང་༽ ཞེས་པའི་ས་གནས་ཀྱི་རྣམ་ཐར་འདི་ངེད་ཅག་གི་འཁོས་ཀ་དང་ཁ་སྟབས་ལ་དཔག་པ་ཆུ་ཚོད་ཀྱི་གྲོན་དང་ལས་ཚེགས་ཀྱི་འབད་པ་ཆེན་པོ་བརྟེན་པའི་སྒོ་ནས་ལས་གཞི་འདི་གྲུབ་པར་བྱས་པ་ཡིན།

            དེས་ན་འདིར་ཉིན་རེ་རེར་ས་གནས་གང་དུ་མཛད་པ་ཅི་གནང་དང་། མི་སྣ་སུ་ལ་བཀའ་སློབ་ལམ་སྟོན་སྩལ་བ་སོགས་གལ་གནད་ཆེ་བ་དག་འཐུས་ཤོར་དུ་མ་བཏང་བར། ཉིན་རེའི་མཛད་རིམ་རྣམས་གུང་སྒྲིག་ནས་ངེད་ཅག་གིས་འཁོས་ཀས་ལྕོགས་ཚོད་ཀྱིས་འབད་འབུངས་ཀྱིས་སྒྲུབ་པའི་ཁུལ་ལགས། འདི་ལྟར་བགྱིས་པའི་རྒྱུ་མཚན་ཡང་ཨོ་གླིང་ཡུལ་དུ་བསྐྱངས་པའི་མཛད་འཕྲིན་རྣམས་ཀྱི་རྒྱུ་ཆ་ཁ་འཐོར་དུ་མི་འགྲོ་བ་དང་། བོད་ཕྱི་ནང་གཉིས་ཀའི་ཞིབ་འཇུག་པ་དང་དོ་སྣང་ཅན་དག་གི་དགོས་མཁོའི་མཐུན་རྐྱེན་དུ་གྲུབ་པ། སྤྱིར་༸གོང་ས་རྒྱལ་བའི་དབང་པོའི་རྣམ་ཐར་ནི་རྒྱལ་བའི་རྣམ་ཐར་ཙམ་མ་ཡིན་པར་བོད་མི་རིགས་ཀྱི་ཆགས་འཇིག་གི་གནས་བབ་གྲུབ་ཡོད་པས། ལས་གཞི་འདི་ལྟ་བུ་ཞིག་སྒྲུབ་པ་ནི་མི་ཚེ་འདིའི་བསོད་ནམས་དང་མི་རིགས་འདིའི་ཞབས་འདེགས་ཀྱང་ཡིན་སྙམས་པའི་ཀུན་ནས་བསླངས་ཏེ་བརྩོན་པ་ལྷུར་ལེན་བྱས་པ་ཡིན། ཨོ་གླིང་གི་ཡུལ་དུ་མཛད་འཕྲིན་བསྐྱངས་པའི་རྣམ་ཐར་ནི་ས་གནས་ཀྱིས་རྩོམ་པ་དང་། བསྒྲིགས་པ། བསྡུ་རུབ་སོགས་བྱས་ན་སྟབས་བདེ་ལ་རྔོ་ཐོགས་པ་ལས། ཡུལ་ཐག་རིང་ཞིག་ནས་ས་གནས་ལ་རྒྱུས་མངའ་མེད་པ་ཞིག་གིས་བསྒྲུབ་པར་ཤིན་ཏུ་དཀའ། དེས་ན་ངེད་ཅག་གིས་ལས་སུ་བྱས་པའི་སྦྱོར་བ་ཐོག་མ་འདིས་ཨ་རི་དང་ཁེ་ན་ཌ། འཇར་མན། ཡོ་རོབ་སོགས་སུའང་འགན་འདི་ས་གནས་རང་རང་གི་ཁུར་དུ་བྱ་དགོས་པའི་རེ་སྐུལ་ཀྱང་སྟབས་གཅིག་ཏུ་ཞུ་རྒྱུ་ཡིན། ཞལ་དྲོ། བཀྲ་ཤིས།

ཐུགས་རྗེ་ལེགས་གསོལ།

༄། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཨོ་གླིང་དུ་ཆིབས་བསྒྱུར་མཛད་འཕྲིན་བསྐྱངས་པའི་རིམ་པ་གསལ་བར་བཀོད་པ་<<ཞི་བདེའི་འོད་སྣང་།>> ཞེས་པའི་དཔེ་དེབ་འདི་ལེགས་པར་གྲུབ་ཅིང་། བདག་ཅག་གི་དཔྲལ་བའི་མིག་དང་ཁོག་པའི་སྙིང་ལྟ་བུ་འཕགས་མཆོག་ཕྱག་ན་པདྨོ་ངུར་སྨྲིག་གར་གྱིས་རྣམ་པར་རོལ་པ་འཇིག་རྟེན་ཞི་བདེའི་དེད་དཔོན་མཆོག་ནས་བྱམས་གཟིགས་ཆེན་པོས་བསྔགས་བརྗོད་ཀྱི་བཀའ་ཡིག་གསེར་གྱི་སྦྲམ་བུ་ལྟ་བུ་སྤྱི་བོའི་མཛེས་རྒྱན་དུ་གསོལ་སྩལ་གནང་བ་ནི། བདག་ཅག་གི་བསོད་ནམས་ཀྱི་གསོས་སུ་ཆེ་ལ། སྟོང་གསུམ་རིན་ཆེན་གསེར་གྱིས་བཀང་སྟེ་ཡོན་དུ་ཕུལ་ཡང་བཀའ་དྲིན་གྱི་ཆ་ཙམ་ཡང་གཞལ་ག་ལ་ནུས། གནམ་བསྐོས་དགའ་བ་བརྒྱ་ལྡན་གྱི་ཕོ་བྲང་ནས་དེབ་འདིའི་ཚིག་དོན་གཉིས་ཆར་ཞུས་དག་ཞིབ་ཚགས་ངེས་འདྲོངས་གནང་བ་བཅས་ལ་སྙིང་ཁོང་རུས་པའི་གཏིང་ནས་སོར་བཅུའི་འདབ་མ་སྙིང་གར་སྦྱར་ཏེ་ཐུགས་རྗེ་བླ་ལྷག་ཏུ་ཆེ་ཞེས་ཞུ་རྒྱུ་ཡིན།

            གཞན་ཡང་། དཔེ་དེབ་འདིའི་ཐོག་མཐའ་བར་གསུམ་དུ་ཐུགས་ཁུར་དང་གཞོགས་འདེགས་ཀྱིས་བཀའ་སློབ་ལམ་སྟོན་གནང་ཞིང་། ཆེད་དུ་བརྗོད་པའི་བཀའ་ཡིག་གི་གནང་སྐྱེས་སྩལ་བ་ཨོ་སི་ཊོ་ལི་ཡའི་སྐུ་ཚབ་དོན་གཅོད་ཀརྨ་སེང་གེ་མཆོག་དང་། ལས་གཞི་འདིའི་ཕྱོགས་གང་ཐད་ལ་རོགས་མགོན་གནང་མཁན་དགེ་བཤེས་ལྷ་རམས་པ་རོང་བོ་བློ་བཟང་སྙན་གྲགས་ལགས་དང་། ཞུས་དག་གི་གྲོགས་དན་གནང་མཁན་ནོར་གླིང་རྩོམ་སྒྲིག་འགན་འཛིན་ཟུར་བ་རྡོ་རྗེ་དབང་ཕྱུག་ལགས། དེབ་འདིར་འབྲེལ་ཡོད་ཀྱི་བཀའ་མོལ་དང་བཅར་འདྲི་དང་ལེན་གནང་མཁན་ཆིབས་བསྒྱུར་གོ་སྒྲིག་ཚོགས་པའི་གནད་ཡོད་མི་སྣ་སྐུ་ཞབས་ཇོར་ཇི་ཧྥར་ལེ་ལགས་དང་ལྕམ་སྐུ་ལིན་བྷིན་ལགས། དེབ་འདི་དཔར་སྐྲུན་གནང་བར་མཐུན་འགྱུར་གནང་མཁན་བོད་ཀྱི་དཔེ་མཛོད་ཁང་གི་ངེས་སྟོན་པ་དགེ་བའི་བཤེས་གཉེན་ཆེན་མོ་རྒན་ལྷག་རྡོར་ལགས་དང་། དཔར་སྐྲུན་དང་རྩོམ་སྒྲིག་འགན་འཛིན་རྒན་ན་ག་སངས་རྒྱས་བསྟན་དར་ལགས་དང་། དགེ་བཤེས་བློ་བཟང་ཡར་འཕེལ་ལགས་གཙོས་འབྲེལ་ཡོད་ལས་བྱེད་བཅས་རྡ་ས་བོད་ཀྱི་དཔེ་མཛོད་ཁང་ལ་དམིགས་བསལ་གྱིས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

            དཔར་བསྐྲུན་གྱི་འགྲོ་གྲོན་དགའ་བཞིན་སྤྲོ་བཞིན་གནང་མཁན་བུ་མོ་བསྟན་འཛིན་གསལ་སྒྲོན་དང་བུ་ཀུན་དགའ་ནོར་བུ། དེབ་འདི་མགོ་བཙུགས་ནས་མཇུག་མ་གྲུབ་ཀྱི་བར་དུ་སྒོ་ཕྱི་ནང་གི་ལས་ཀ་ཅི་ཡོད་འགན་རང་སྟེང་དུ་བླངས་ནས་རྩ་ཆེ་བའི་ཆུ་ཚོད་དང་སྐུལ་སློང་གི་རྒྱབ་སྐྱོར་གནང་མཁན་ངེད་གཉིས་ཀྱི་བཟའ་ཟླ་བསོད་ནམས་སྒྲོལ་དཀར་དང་སྒྲོལ་མ་ཚེ་རིང་ལགས་བཅས་མཐུན་རྐྱེན་སྐྲུན་མཁན་ཡོངས་ལ་ལམ་ལུགས་སྲོལ་དང་ཁྲལ་བསྐུར་ཙམ་མ་ཡིན་པར་བཅོས་མིན་སེམས་ཀྱི་གཏིང་ནས་བཀའ་དྲིན་བླ་མེད་དུ་ཆེ་ཞུ་རྒྱུ་ཡིན།། །།

བློ་བཟང་ལུང་རྟོགས་དང་ཞོ་ར་བསྟན་པ་དར་རྒྱས་གཉིས་ནས།


Leave a Reply

Discover more from བློ་བཟང་ལུང་རྟོགས་སྒེར་གྱི་ཟིན་བྲིས།

Subscribe now to keep reading and get access to the full archive.

Continue reading