སྣ་ཚོགས།

འདས་པ་ཡོལ་ཟིན་མ་འོངས་ཆ་མ་འཚལ།།

མི་ཡི་འཚོ་བ་ཆུ་ཡི་རླབས་རིས་འདྲ།།

རླུང་པོའི་རྒྱུ་ཕྱོགས་དེ་འདྲའི་རྩུབ་པ་ལ།།

སེམས་སོང་མི་དེས་ཕུལ་བའི་ལྷད་མེད་གསུང་།།

རླབས་ཀྱི་ཁུག་པར་འཐིམས་པ་གཡོལ་ཐབས་བྲལ།།

ཟླ་བ་ཆུ་ཡིས་ནང་ལ་ཤར་བའི་དུས།།

གཡོ་མེད་ངང་དུ་བཞུགས་པའི་སྨོན་ལམ་འདེབས།།

འོན་ཀྱང་འཚོ་བའི་རླུང་པོ་ལྡང་བའི་ཚེ།།

ཟླ་བའི་བཞིན་རས་མཐོང་བའི་གོ་སྐབས་བྲལ།།

འཇིག་རྟེན་མི་ཡིས་བཙལ་ཀྱང་མི་རྙེད་པའི།།

ལྷད་མེད་དུང་སེམས་ཆེད་དུ་མི་ཚེ་བསྐྱལ།།

འདས་པ་ཡོལ་ཟིན་མ་འོངས་ཆ་མ་འཚལ།།

ལས་ཀྱི་བསྐོས་ཐང་མི་ཚེའི་རི་མོ་ལགས།།

སྐར་མདའ་ཇི་བཞིན་སྙིང་ལ་ཟུག་པའི་དུས།།

རང་གི་ཁོར་ཡུག་བརླག་པ་ཚོར་མ་བྱུང་།།

ཨེ་མ་འཚོ་བ་འདི་འདྲའི་ཡ་ཡུད་ཅན།།

བསམ་ཞིང་བསམ་ན་མགོ་བོ་རྨོངས་པའི་གཞི།།

ནམ་མཁའི་དབྱིངས་འདི་ཅི་འདྲའི་ཆེ་བ་ལྟར་།།

སེམས་ཀྱི་མེ་ལོང་དེ་ལྟར་གསལ་བ་བདེན།།

འོན་ཀྱང་འཚོ་བའི་རི་མོ་རྙོག་འཛིང་ཅན།།

ཅི་ཙམ་བལྟས་ཀྱང་རང་ཉིད་ངལ་བའི་རྒྱུ།།

མཚན་མོ་ཟླ་འོད་གསལ་བའི་ལྷིང་འཇགས་ཁྲོད།།

བསམ་གཞིག་མག་མོག་སྒྱུ་མའི་ཞིང་དུ་འཁྱམ།།

སེམས་ཚོར་ཟབ་པ་དེ་རིང་གཞི་ནས་རྟོགས།།

འོན་ཀྱང་རང་ཉིད་སྔར་བཞིན་གནས་འདིར་ལྷགས།།

 Image



དཔའ་རྒོད་རྣམས་ལ་ཕུལ་བ།

མེ་ཀློང་དྲག་ཏུ་འཕྱོ་བའི་དཀྱིལ།།

སེམས་ཀྱི་ན་ཟུག་སྲེགས་པ་དེས།།

དམར་པོའི་སྲིད་ལ་གཡོ་སྐྱོམ་ཐེབས།།

གངས་རིའི་བདེན་པ་རྒྱལ་བར་ཉེ།།

ལུས་པོ་ཐལ་པར་གྱུར་ཟིན་ཀྱང་།།

དཔའ་རྒོད་མཛད་རྗེས་བྲལ་ལ་བརྐོས།།

ས་ཡ་དྲུག་གི་སེམས་ཁོངས་སུ།།

ཚེ་སྲོག་མཆོད་མེ་གཏན་དུ་འབར།།

མེས་པོའི་ལོ་རྒྱུས་ཀློག་ཐེངས་རེར།།

སྤོབས་པའི་མགོ་འཕང་དགུང་ལ་སྙེག།

གཟི་བརྗིད་ལོ་རྒྱུས་ཁུག་པ་ནས།།

མི་རབས་གསར་པས་དེབ་ཐེབ་རྩོམ།།

མེ་དང་ཚེ་སྲོག་འབར་ཤུགས་ཆེ།།

བཙན་པོའི་ལོ་རྒྱུས་འགོ་བྱང་བྲིས།།

གདོང་དམར་ཤ་གཟན་གཏུམ་དྲག་ཆེ།།

དམར་པོའི་རྒྱལ་སྲིད་འཇིག་ལ་ཉེ།།