ལྷུག་རྩོམ།

ཨོ་སི་ཊོ་ལི་ཡའི་ལྗང་ཁུ་ཚོགས་པའི་བོད་ཐོག་འཛིན་པའི་སྲིད་བྱུས།

སྲིད་སྐྱོང་མཆོག་དང་ལྗང་ཁུ་ཚོགས་པའི་ཚོགས་གཙོ་རྣམ་གཉིས།་༢༠༡༢
སྲིད་སྐྱོང་མཆོག་དང་ལྗང་ཁུ་ཚོགས་པའི་ཚོགས་གཙོ་རྣམ་གཉིས།་༢༠༡༢

ཨོ་སི་ཊོ་ལི་ཡའི་ལྗང་ཁུ་ཚོགས་པ་ནི་རྒྱལ་ཁབ་འདི་སྲིད་དོན་ཚོགས་པ་ཆེ་ཤོས་གྲས་ཡིན་པ་དང་འདས་པའི་ལོ་ངོ་ཁ་ཤས་རིང་ཤུགས་རྐྱེན་ཆེན་པོ་ཡོད་པའི་ཚོགས་པ་ཞིག་ཏུ་གྱུར་ཡོད། ཚོགས་པ་འདིས་བོད་དོན་ཆེད་རྒྱབ་སྐྱོར་ཤུགས་ཆེན་བྱེད་ཀྱི་ཡོད་པ་མ་ཟད། བོད་དོན་ཆེད་དམིགས་བསལ་གྱི་མགྲིན་ཚབ་པ་ཞིག་བསྐོ་བཞག་གིས་ནམ་རྒྱུན་གྲོས་ཚོགས་དང་གསར་ལམ་ཁག་ཏུ་བོད་དོན་ཆེད་ནུས་པ་གང་འཚམས་འདོན་ཐུབ་ཀྱི་ཡོད། གཤམ་དུ་ངས་ཚོགས་པ་འདིས་ངོས་ནས་གཏན་འབེབས་བྱས་པའི་སྲིད་བྱུས་ཁག་ཅིག་བོད་བསྒྱུར་གྱིས་ངོ་སྤྲོད་བྱེད་ཁུལ་ཡིན།

ལྗང་ཁུ་ཚོགས་པའི་ལས་རྟགས།
ལྗང་ཁུ་ཚོགས་པའི་ལས་རྟགས།

ཨོ་སི་ཊོ་ལི་ཡའི་ལྗང་ཁུ་ཚོགས་པའི་བོད་ཐོག་འཛིན་པའི་སྲིད་བྱུས།

སྲིད་བྱུས་འདི་བཞིན་ཕྱི་ལོ་༢༠༠༣་ལོར་ལྗང་ཁུ་ཚོགས་པའི་རྒྱལ་ཡོངས་འཐུས་མི་མེལ་ཀེལ་ཨོར་རྒེན་དང་། གྲོས་ཚོགས་གོང་མའི་འཐུས་མི་སྦོབ་སྦི་རིན། ༧གོང་ས་ཏཱ་ལའི་བླ་མ་སྐུ་འཕྲེང་བཅུ་བཞི་བའི་སྐུ་ཚབ་ཨ་ཏི་ཤ་བསྟན་འཛིན་ཕུན་ཚོགས་བཅས་ནས་གྲོས་འདོན་གནང་པ་དང་། ཕྱི་ལོ་༢༠༠༣་ལོའི་ཟླ་༩་པའི་ནང་སྦི་རེ་སི་སྦིན་གྲོང་ཁྱེར་དུ་ལྗང་ཁུ་ཚོགས་པའི་རྒྱལ་ཡོངས་ཚོགས་ཆེན་ཐོག་མང་མོས་ཐོག་གཏན་འབེབས་བྱས་པ་ཞིག་ཡིན།

(སྲིད་བྱུས་འདིའི་ནང་གི་བོད་ཟེར་བ་ནི་བོད་ཆོལ་ཁ་གསུམ་ཡོངས་རྫོགས་ལ་ཁྱབ་ཀྱི་ཡོད། བོད་ཆོལ་ཁ་གསུམ་ནི་དབུས་གཙང་། ཁམས། ཨ་མདོ་བཅས་ཡིན)

རང་ཐག་རང་གཅོད་དང་མང་གཙོ།

༡། བོད་འདི་བཞིན་ཕྱི་ལོ་༡༩༤༩་དང་༡༩༥༩་ལོར་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱིས་བཙན་འཛུལ་མ་བྱས་གོང་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད།

༢། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཕྱི་ལོ་༡༩༦༡་ལོར་བཞག་པའི་གྲོས་ཆོད་ཨང་༡༧༢༣་(XVI) ནང་འཁོད་ཡོད་པ་བཞིན་བོད་རིགས་རྣམས་ལ་རང་ཐག་རང་གཅོད་ཀྱི་ཐོབ་ཐང་ཆ་ཚང་ཡོད་པར་ངོས་འཛིན་བྱེད་ཀྱི་ཡོད།

༣། རྒྱལ་སྤྱིའི་ཁྲིམས་དོན་ཚོགས་པ་ནས་རྒྱལ་སྤྱིའི་ཁྲིམས་ལུགས་ཞིབ་འཇུག་མཐར་ཕྱིན་བྱས་པའི་འབྲས་བུར་བོད་མི་རྣམས་ལ་རང་ཐག་རང་གཅོད་ཀྱི་ཐོབ་ཐང་ཡོད་པར་ངོས་འཛིན་གནང་བ་དེར་རྒྱབ་སྐྱོར་བྱེད་ཀྱི་ཡོད།

༤། བོད་མི་རྣམས་ལ་རང་བཙན་གཙང་མར་འོས་འཕེན་གྱི་ཐོབ་ཐང་ཡོད་པ་ངོས་འཛིན་དང་ཆབས་གཅིག ཏཱ་ལའི་བླ་མ་མཆོག་གིས་ཕྱི་ལོ་༡༩༨༨་ལོར་ཡོ་རབ་གྲོས་ཚོགས་སུ་ཕུལ་བའི་སི་ཊི་སི་སྦིག་གི་གྲོས་འཆར་ནང་གི་དབུ་མའི་ཐབས་ལམ་དང་། བོད་མི་མང་ལ་མང་གཙོ་དང་རང་སྲིད་རང་སྐྱོང་ཡོང་ཐབས་ལ་རྒྱབ་སྐྱོར་ཡོད།

༥། རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱིས་བོད་ཀྱི་གནད་དོན་ཐག་གཅོད་དང་བོད་རྒྱ་མི་རིགས་དབར་གྱི་འབྲེལ་ལམ་ཡག་པོ་ཡོང་སླད་༧་གོང་ས་ཏཱ་ལའི་བླ་མ་དང་ཡང་ན་ཁོང་གི་སྐུ་ཚབ་ལྷན་དུ་དོན་ཕན་ལྡན་པའི་གྲོས་མོལ་གནང་བར་འབོད་སྐུལ་ཡོད།

༦། བོད་ཀྱི་དབུ་ཁྲིད་༧གོང་ས་ཏཱ་ལའི་བླ་མ་སྐུ་འཕྲེང་བཅུ་བཞི་བ་དང་བོད་རིགས་མི་མང་གིས་ད་ལྟའི་བར་བོད་ཀྱི་དཀའ་རྙོག་སེལ་བར་འཚེ་བ་སྤངས་པའི་ཐབས་ལམ་ཐོག་བསྐྱོད་པར་བསྔགས་བརྗོད་དང་། དེ་ལ་བརྟེན་ཕྱི་ལོ་༡༩༨༩་ལོར་སྐུ་ཉིད་ལ་ནོར་སྦེལ་ཞི་བདེའི་གཟེངས་རྟགས་ཕུལ་བར་ངོས་འཛིན་བྱེད་ཀྱི་ཡོད།

༧། བོད་ནང་མུ་མཐུད་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་དུ་གཏོང་བཞིན་པར་བློ་འཚབ་ཆེན་པོ་ཡོད་པ་དང་ཆབས་ཅིག་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱིས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཡོངས་ཁྱབ་གསལ་བསྒྲགས་ལ་བརྩི་སྲུང་བྱེད་དགོས་པར་འབོད་སྐུལ་བྱེད་ཀྱི་ཡོད།

༨། རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱིས་བོད་ནང་གི་ཆབ་སྲིད་བཙོན་པ་ཡོངས་རྫོགས་གློད་བཀྲོལ་གཏོང་བའི་འབོད་སྐུལ་ཞུ་གི་ཡོད།

༩། རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱིས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་དང་། འགྲོ་བ་མིའི་བདེ་རྩའི་ཚོགས་པ་ཁག རང་དབང་ཅན་གྱི་གསར་འགོད་པ་རྣམས་རང་དབང་ལྡན་པའི་སྒོ་ནས་བོད་ནང་ཤར་བསྐྱོད་བྱེད་ཆོག་པའི་འབོད་སྐུལ་ཡོད།

༡༠། ༧གོང་ས་ཏཱ་ལའི་བླ་མས་གྲོས་འཆར་བཏོན་གནང་བའི་བོད་ས་ཡོངས་རྫོགས་འཚེ་མེད་ཞི་བའི་བསྟི་གནས་ཤིག་ཏུ་བསྒྱུར་བར་རྒྱབ་སྐྱོར་དང་། རྒྱ་ནང་མི་མང་སྤྱི་མཐུན་རྒྱལ་ཁབ་ལ་བོད་ནང་ཞི་བདེ་ཁྱབ་སྤེལ་གཏོང་དགོས་པར་འབོད་སྐུལ་ཞུ་གི་ཡོད།

རིག་གཞུང་དང་། མི་རིགས། ཁོར་ཡུག་བཅས་ཀྱི་གཅེས་ནོར།

༡༡། བོད་ཀྱི་ཆོས་དང་རིག་གཞུང་ལ་གནོད་ཚབས་ཆེ་བའི་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་འབོར་གནས་སྤོའི་སྲིད་བྱུས་མཚམས་འཇོག་ཡོང་བའི་འབོད་སྐུལ་ཞུ་གི་ཡོད།

༡༢། བོད་ཀྱི་རང་བྱུང་ཁོར་ཡུག་གི་གཙང་པོ་དང་། ནགས་ཚལ། སྲོག་ཆགས་སེམས་ཅན་བཅས་པ་སྲུང་སྐྱོབ་ཀྱིས་བོད་འདི་བཞིན་རྒྱལ་སྤྱིའི་གླིང་ཀ་ཆེན་པོ་ཞིག་གམ་སྲོག་ཆགས་དང་རྩི་ཤིང་སོགས་སྐྱེ་འཕེལ་ལྡན་པའི་ས་ཁུལ་ཞིག་ཏུ་བསྒྱུར་བར་རྒྱུན་གནས་ཅན་གྱི་སྲིད་བྱུས་གཏན་འབེབས་ཀྱིས་དོན་ཕན་ལྡན་པའི་ཞི་བདེ་དང་། ཁོར་ཡུག་སྲུང་སྐྱོབ་གོང་འཕེལ་གཏོང་རྒྱུར་རྒྱ་ནག་གཞུང་ལ་འབོད་སྐུལ་ཞུ་གི་ཡོད།

༡༣། འཛམ་གླིང་གི་ཚོགས་སྡེ་ཁག་གིས་བོད་ཕྱི་ནང་གཉིས་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་ལ་སྲུང་སྐྱོབ་དང་ཁྱབ་སྤེལ་གཏོང་བར་རོགས་སྐྱོར་ཡོང་བའི་འབོད་སྐུལ་ཞུ་གི་ཡོད།

ཨོ་སི་ཊོ་ལི་ཡའི་རྒྱལ་ཁབ་དང་འབྲེལ་བ།

༡༤་ཨོ་སིི་ཀྲི་ལི་ཡའི་གཞུང་གིས་ཕྱི་སྲིད་ལས་ཁུངས་ནང་བོད་དོན་ཆེད་དམིགས་བོད་དོན་འབྲེལ་མཐུད་པ་ཞིག་བསྐོ་བཞག་གིས་བོད་ཀྱི་གནད་དོན་ཐོག་ཐུགས་ཁུར་དང་། རྒྱ་གཞུང་དང་༧གོང་ས་ཏཱ་ལའི་བླ་མའི་སྐུ་ཚབ་དབར་འབྲེལ་མཐུད་པ་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུ་གི་ཡོད།

གྲོས་ཆོད་གསར་ཤོས་འདི་ད་ལྟའི་ལྗང་ཁུ་ཚོགས་པའི་དྲ་རྒྱར་མཇལ་ཐུབ་པ་དང་འདི་ནི་དེ་སྔོན་གྱི་སྲིད་བྱུས་ཀྱི་སྡོམ་ལྟ་བུ་ཡིན་འདུག།

ཨོ་སི་ཊོ་ལི་ཡའི་ལྗང་ཁུ་ཚོགས་པའི་བོད་སྐོར་གྲོས་ཆོད།

༢༠༡༡་ལོའི་ཕྱི་ཟླ་༡༡་ནང་གཏན་འབེབས་བྱས།

ཨོ་སི་ཀྲི་ལི་ཡའི་ལྗང་ཁུ་ཚོགས་པའི་ངོས་ནས་བོད་མི་མང་ནི་བོད་ཡུལ་གྱི་སྲོལ་རྒྱུན་བདག་པོ་དང་། ཁོང་ཚོར་ཆོས་དང་རིག་གཞུང་གི་འཛིན་སྐྱོང་ཚུད་པའི་རང་ཐག་རང་གཅོད་ཀྱི་ཐོབ་ཐང་ཆ་ཚང་ཡོད་པར་ངོས་འཛིན་བྱེད་ཀྱི་ཡོད།

ཚོགས་པ་འདིས་ངོས་ནས་ཁོང་ཚོའི་འོས་འདེམས་བྱས་པའི་འགོ་ཁྲིད་རྣམས་ངོས་འཛིན་གྱི་ཡོད།

ཚོགས་པ་འདིས་ངོས་ནས་རྒྱ་ནག་གཞུང་གིས་བོད་ཀྱི་རང་བྱུང་ཐོན་ཁུངས་འཕྲོག་བཅོམ་དང་རིག་གཞུང་གཏོར་བཤིག་གཏོང་བཞིན་པར་ངོ་རྒོལ་བྱེད་ཀྱི་ཡོད།

ཚོགས་ཆེན་འདིས་ཐོག་རྒྱ་ནག་གཞུང་ལ་འབོད་སྐུལ་ཞུ་རྒྱུར། བོད་ནང་བཙན་གནོན་འཕྲལ་དུ་མཚམས་འཇོག་བྱེད་རྒྱུ་དང་བོད་མིའི་ཐོབ་ཐང་དང་རང་དབང་སྐྱར་གསོ་ཡོང་བའི་འབོད་སྐུལ་ཤུགས་ཆེན་བྱེད་ཀྱི་ཡོད།

གཤམ་གྱི་དྲ་རྒྱ་ཁག་ནས་གྲོས་ཆོད་ཀྱི་ཡིག་ཆ་ཁག་དབྱིན་ཡིག་ནང་གཟིགས་ཐུབ།

http://www.michaelorgan.org.au/greenstibetpolicy.pdf www.michaelorgan.org.au

http://greens.org.au/…/files/Tibet_November_2011.pdf



 

Image

ཨོ་སི་ཀྲི་ལི་ཡའི་གྲོས་ཚོགས་སུ་ཞུ་གཏུགས་སུ་འགྲོ་སྐབས་ཀྱི་སེམས་ཚོར།

གནམ་གྲུ་ནས་མར་བལྟ་དུས་ངམ་ནག་གི་རྒྱ་མཚོ་དང་སྤྲིན་པ་ཐར་ཐོར་མཐོང་ཐུབ། གནམ་གྲུར་སྡོད་པའི་མི་རྣམས་ཀྱང་སྤྲིན་གསེབ་ནས་རབ་རིབ་ཅིག་མཐོང་པའི་ཁོར་ཡུག་ནང་སོ་སོ་དམིགས་ཡུལ་ལ་འཕུར་གྱི་ཡོད་ལ། ཡང་གཅིག་བསམ་ན་ང་ཚོ་གོ་ལ་ནས་ཡར་འཕུར་ཏེ་ཡང་སྐྱར་གོ་ལའི་ཐོག་འབབ་ངེས་ཡིན་པས་དམིགས་ཡུལ་མི་གཅིག་མ་གཏོགས་འབབ་ས་གཅིག་ཡིན།

ང་ཚོ་བོད་ཀྱི་གཏམ་དཔེར། བྱ་རྒོད་པོ་འཕུར་ས་གནམ་ཡིན་ཡང་། འབབ་ས་བྲག་ཡིན་ཟེར་བ་དེ་ཡང་དཔེ་དོན་མཚུངས་པའི་རྨད་བྱུང་གི་ལེགས་བཤད་ཅིག་རེད་འདུག

ངས་དེ་ལྟར་བསམ་བཞིན་ཡང་བསྐྱར་གནམ་གྲུའི་སྒེའུ་ཁུང་ནས་མར་གཅིག་བལྟས་པ་ཡིན། རྒྱ་མཚོ་དང་ས་གཞི་འདི་ལྟར་མཛེས་སྡུག་དང་ཡིད་དབང་འཕྲོག་པ་ཞིག་རེད་ཨང་། ས་གཞི་དང་རྒྱ་མཚོ་ཕན་ཚུན་གཅིག་ལ་གཅིག་རྟེན་གྱི་ཆོས་ཉིད་འདིས་འགྲོ་བ་མི་དུང་ཕྱིར་བདུན་ཅུ་ཙམ་དང་སྲོག་ཆགས་སེམས་ཅན་གྲངས་ལས་འདས་པ་ཞིག་གི་འཚོ་གནས་ཐག་གཅོད་བྱེད་ཀྱི་ཡོད་ཀྱང་། ས་མཚམས་དང་། མི་རིགས་ཀྱི་རིགས་རྒྱུད། ད་དུང་ཤ་པགས་ཀྱི་ཁ་དོག་མི་མཐོང་པའི་མཁའ་ལམ་འདི་ནས་མར་བབ་མ་ཐག་ང་ཚོ་ཡང་བསྐྱར་རྙོག་ཟིང་ཆེ་བའི་སྤྱི་ཚོགས་ནང་ཞུགས་ཀྱི་དགོས།

ས་གཞི་འདིའི་ཐོག་མར་བབས་མ་ཐག་ང་ཚོ་སོ་སོ་དམིགས་ཡུལ་མི་གཅིག་པའི་ངང་བྲེལ་བྲེལ་ཟིང་ཟིང་གིས་འགྲོ་གི་རེད་ལ། ང་ཚོས་ཆུ་ཆོད་གཉིས་རིང་མཛེས་པའི་ས་གཞིར་རྒྱང་བལྟ་བྱས་པ་དེ་རིང་གི་ལས་དོན་གལ་ཆེར་ཞིག་ལ་བརྩི་མི་སྲིད། ངའི་ལུས་པོ་འདི་གནམ་གྲུ་དང་མིག་གི་ལོངས་སྤྱོད་རྒྱ་མཚོ། སྤྲིན་དཀར། ད་དུང་ས་གཞི་ཡིན་ཀྱང་། སེམས་ནང་མདང་དགུང་མཐོང་པའི་རྨས་སྐྱོན་ཐོག་ཕོག་སྨན་ཁང་ནང་ཉལ་སྡོད་སློབ་ཕྲུག་ཁ་ཤས་ཀྱི་པར་རེད།

འཛམ་གླིང་གི་སྟོབས་ཆེན་རྒྱལ་ཁབ་དང་ཨོ་སི་ཀྲི་ཡ་ལ་རྒྱལ་ཁབ་ཀྱི་གྲོགས་པོ་རྒྱལ་ཁབ་རྒྱ་ནག་གིས་ཞི་བའི་ངོ་རྒོལ་བྱེད་མཁན་གྱི་སློབ་མ་ཚོར་གཅར་རྡུང་བྱས་འདུག་པ་དེ་རེད། སྐད་ཡིག་རང་དབང་ཆེད་ཞི་བའི་གོམ་བགྲོད་བྱས་མཁན་ཚོ་འཛིན་བཟུང་དང་ཉེས་རྡུང་བཏང་འདུག དེ་རིང་ཨོ་སི་ཀྲི་ལི་ཡའི་མི་མང་གི་སྐུ་ཚབ་དང་ཁྲིམས་བཟོ་ལྷན་ཚོགས་ནང་བོད་ཀྱི་གནས་སྟངས་འགྲེལ་བཤད་རྒྱག་པར་འགྲོ་བའི་གོ་སྐབས་བཟང་པོ་ཞིག་ཐོབ།

ཨོ་སི་ཀྲི་ལི་ཡའི་རྒྱལ་ས་ཁེན་སྦི་རར་འབྱོར་བ་དང་ཕ་ཡུལ་ལ་ཁ་པར་ཞིག་བཏང་བ་ཡིན། ནམ་རྒྱུན་ལྟར་མཚམས་འདྲི་བྱས་པ་མ་གཏོགས་བཤད་འདོད་པ་དང་དྲི་འདོད་པ་ཚང་མ་བཙན་གྱིས་བཀག་དགོས་བྱུང་། དྲ་རྒྱའི་འཕྲུལ་རིག་ཡར་རྒྱས་ལ་ཕྱིན་པ་ལྷན་རྒྱ་གཞུང་གིས་ཉིན་ཚན་དུས་དྲུག་ཏུ་གློག་འཕྲིན་དང་ཁ་པར་བརྒྱུད་ལམ་ལ་ཉུལ་ཞིབ་བྱེད་གྱི་ཡོད་པས་ས་གནས་ཀྱི་དངོས་ཡོད་གནས་ཚུལ་གླེལ་མོལ་བྱས་པས་ཀྱང་རྒྱལ་ཁབ་ཀྱི་གསང་བ་ཕྱི་གྱར་གྱི་ཉེས་པ་ཕོག་སྲིད།

མགྲོན་ཁང་ནང་ང་ཚོས་གཙང་སྤྲ་དང་བཟོ་ལྟ་དོད་པ་དང་གྲོས་ཚོགས་འཐུས་མི་ལ་སྐད་ཆ་ག་རེ་བཤད་དགོས་མིན་གྱི་ཚོགས་འདུ་ཆུང་ཆུང་ཞིག་ཚོགས་རྗེས་ཨོ་སི་ཀྲི་ལི་ཡའི་གྲོས་ཚོགས་ཕྱོགས་སུ་བསྐྱོད་པ་ཡིན།

གྲོས་ཚོགས་ཀྱི་མོ་དྲ་འཇོག་སར་སླེབས་དུས་ངས་ལོ་བཞིའི་སྔོན་གྱི་གནས་ཚུལ་ཞིག་དྲན་སོང་། དེ་ནི་ལོ་དེར་རྒྱ་ནག་ཏུ་འཛོམས་རྒྱུའི་རྒྱལ་སྤྱི་ཨོ་ལིམ་ཕི་ཀི་རྩེད་འགྲན་གྱི་དཔལ་འབར་རྒྱལ་ས་ཁེན་སྦི་རར་བརྒྱུད་དུས་བོད་རིགས་ཚོས་ངོ་རྒོལ་བྱས་པའི་ཁྲོད་དཔལ་འབར་གྲོས་ཚོགས་མདུན་སླེབས་པ་དང་ང་རང་ལམ་དཀྱིལ་དུ་མཆོངས་པར་བརྟེན་ཉེན་རྟོག་བཞི་ལྔ་ཙམ་གྱིས་དང་པོ་ང་རང་སར་བསྒྱེལ་པ་དང་ལག་གཉིས་རྒྱབ་ལ་བཀྱིག་རྗེས་འཇུ་བཟུང་གིས་གནམ་ལ་བཀྱགས་ནས་བཙན་ཁྲིད་གྱིས་སྔ་ས་ནས་གྲ་སྒྲིག་བྱས་པའི་རླངས་འཁོར་ཅིག་གི་ནང་བཞག་པ་དྲན་སོང་། འོན་ཀྱང་རྒྱ་དམར་གྱི་ཉེན་རྟོག་པ་ལྟར་དོན་མེད་གཅར་རྡུང་བྱས་མ་སོང་ལ། ངོ་རྒོལ་བྱེད་པའི་དམིགས་ཡུལ་དང་རྒྱབ་ལོག་ལ་སུ་ཡོད་མེད་སོགས་སྐད་ཆ་གང་ཡང་དྲིས་མ་སོང་།

གྲོས་ཚོགས་ནང་སླེབས་རྗེས་དུས་བཅད་ལྟར་ཐད་ཀར་Melisa Parke MP མཆོག་ལ་ཐུག་འཕྲད་བྱེད་པར་ཕྱིན། ATC བོད་དོན་ལྷན་ཁང་གི་ལས་བྱེད་པས་འབྲེལ་བཤད་རྒྱབ་པ་ལྟར་ན་ཁོ་མོ་ནི་བོད་དོན་རྒྱབ་སྐྱོར་བྱེད་མཁན་ཞིག་ཡིན་པ་ནང་ཁོ་མོ་མཉམ་འབྲེལ་རྒྱལ་ཚོགས་སྐོར་ལ་མཁས་པ་ཞིག་ཡིན་པས་གཙོ་བོ་བློ་འདྲི་བྱེད་པར་འགྲོ་གི་ཡོད་པ་རེད་འདུག

མོ་རང་ཉེ་ཆར་ཨོ་སི་ཀྲི་ལི་ཡའི་ཕྱི་སྲིད་བློན་ཆེན་དང་ཐུག་ནས་བོད་དོན་སྐོར་གླེང་སློང་བྱས་འདུག་ཀྱང་འདོད་བློ་ཁེངས་པའི་ལན་འདེབས་ཞིག་རེག་མེད་སྐོར་དང་བློན་ཆེན་གྱིས་བོད་མི་ཚོའི་དགོས་འདོད་དངོས་དེ་རང་བཙན་ཡིན་པ་དང་།

རྒྱལ་ཁབ་འདིས་རང་བཙན་ལ་རྒྱབ་སྐྱོར་མེད་པ་སོགས་མདོར་དོན་རྒྱ་ནག་གི་བཤད་སྟངས་ལ་ལད་ཟློས་ལྟ་བུ་ཞིག་མ་གཏོགས་མི་འདུག་པས། ཁོང་གི་ཕྱག་རོགས་དང་འབྲེལ་ཡོད་གྲོས་ཚོགས་འཐུས་མི་ཁ་ཤས་གྱི་མིང་བཏོན་ནས་ཁོང་ཚོར་འབྲེལ་བ་གནང་རྒྱུ་དང་། བཙན་བྱོལ་སྒྲིག་འཛུགས་ཀྱི་རྒྱ་ནག་ལ་བཟུང་བའི་སྲིད་ཇུས་ཡིག་ཆ་ཁག་སྤྲོད་དགོས་སྐོར་གསུང་སོང་། ད་དུང་མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ལྷན་ཁང་ལ་འབྲེལ་བ་བྱེད་ཕྱོགས་དང་གནད་ཡོད་མི་སྣ་ཁ་ཤས་ཀྱི་མིང་ཀྱང་སྤྲད་སོང་།

བོད་དོན་ནི་ཨོ་སི་ཀྲི་ལི་རྒྱལ་ཁབ་ལ་ཁེ་ཕན་ཡོད་པའི་གནད་དོན་ཞིག་མིན།

བོད་དོན་ནི་རྒྱལ་ཁབ་འདིའི་ཕྱི་སྲིད་བློན་གྱི་མིག་ནང་གི་ཚེར་མ་ཡིན།

བོད་དོན་ནི་བོད་མི་ཉག་གཅིག་གིས་སྒྲུབ་དགོས་པའི་འོས་འགན་ཞིག་ཡིན།

 



ལོ་རྒྱུས་བརྗེད་ན་ཁྲེལ་མེད་ཨེ་རེད།

རྒྱ་གོས་མ་གོན་ལུས་གཙང༌།

རྒྱ་ཟས་མ་ཟོས་ཁ་གཙང༌།

ཕོ་ཟད་ནས་མོ་ལ་ཐུག་ཀྱང༌།

རྒྱ་མིར་མགོ་བོ་མི་སྒུར།

དེ་རིང་ནས་ཡར་བརྩིས་བའི་མི་ལོ་དྲུག་ཅུའི་སྔོན་དུ་ང་ཚོའི་ས་ཁུལ་དུ་གཏམ་དཔེ་འདི་འདྲ་ཞིག་ཡོད་ཟེར་ནས་གསུང་ཀྱང༌། སྐབས་དེའི་གནས་སྟངས་གང་འདྲ་ཡིན་པ་མི་ཤེས་པའི་ངས་དེ་རིང་གི་གོ་སྐབས་རྩ་ཆེན་པོ་འདི་བེད་སྤྱོད་བཏང་ནས་རང་ནུས་གང་ཡོད་ཀྱིས་ཁོང་ལ་དྲི་བ་བསྟུད་མར་འཕངས་པ་ཡིན། ངའི་དྲི་བ་གཏོང་ཡུལ་གྱི་མིང་ལ་ཨ་ཁུ་ཚེ་རིང་ཟེར་ཞིང༌། ངེད་གཉིས་དེ་རིང་རྡ་རམ་ས་ལའི་ཐེག་ཆེན་གཙུག་ལག་ཁང་དུ་མ་བོས་མཉམ་འཛོམས་བྱུང༌།

ད་ནངས་ཞོགས་པར་ངས་རང་གི་གཅེས་ཕྲུག་བུ་མོ་ཁྲིད་ནས་གཙུག་ལག་ཁང་ལ་ཕྱིན་པ་ཡིན། གཙུག་ལག་ཁང་དུ་བོད་དམག་གིས་སྦྱིན་བདག་བྱས་པའི་འབུམ་ཚོགས་ཚུགས་ཡོད་པ་དང་རྡ་སའི་མི་མང་ཆེ་བ་གཙུག་ལག་ཁང་དུ་འཛོམས་འདུག ངའི་གཡས་སུ་རྒད་པོ་མིག་ཤེལ་གོན་པ་ཞིག་གིས་མདུན་དུ་ཆོས་དཔེ་ཞིག་བཞག་ནས་ཀློག་བཞིན་འདུག དང་པོར་ངས་ཁོང་ལ་དོ་སྣང་བྱས་མེད་ཀྱང་ཁོང་གིས་ཆོས་དཔེ་འདོན་མཚམས་བརླག་པར་བརྟེན་གྲྭ་མང་གི་འདོན་སྐད་ལ་ཉན་བཞིན་ཤོག་ལྷེ་པར་སློག་ཚུར་སློག་གིས་བཙལ་ཀྱང་འདོན་མཚམས་རྙེད་ཀྱི་མི་འདུག་པས། ངས་གཡོན་གྱི་ཕོ་གསར་དེའི་ཆོས་དཔེ་ལ་བལྟ་དུས་ཤོག་ངོས་༩༥ ལ་ཡིན་པ་མཐོང་སོང༌། ངས་གུས་བའི་ཉམས་དང་བཅས་

་་རྒན་ལགས་  ཤོག་ངོས་༩༥ བ་རེད་འདུག་་

ལབ་པ་ཡིན། ཁོང་གིས་ཤོག་ངོས་དེ་ལ་བལྟ་ཙམ་བྱས་རྗེས་ཞལ་འདོན་དེབ་དེ་རྒྱབ་ཁུག་ཐོག་བཞག་ནས་ང་ལ།

་་ཕོ་གསར༌། གང་དུ་བསྡད་ཡོད་པས་་

ཟེར་ནས་གཏམ་གྱི་སྒོ་མོ་ཕྱེ་སོང༌། སྐབས་དེར་སྤྱི་ལོ་༢༠༠༡ ལོའི་སྤྱི་༩ པའི་ཚེས་༣༠ ཉིན་གྱི་ཞོགས་པའི་ཆུ་ཚོད་བཅུ་བ་ཡིན་ཞིང༌། ངའི་མདུན་གྱི་གཅེས་ཕྲུག་བུ་མོ་ནི་ང་ཚོ་བཙན་བྱོལ་བའི་མི་རབས་གསུམ་པ་དེ་རེད་འདུག མོའི་མདུན་ལམ་ཀྱང་ད་དུང་རབ་རིབ་ཅིག་ཡིན་པས་ང་རང་ཡུད་ཙམ་རིང་བསམ་གཞིག་གི་ཀློང་ལ་ལྷུང་ནས་སེམས་པ་མག་མོག་པོར་གྱུར།

རྒད་པོ་ཚེ་རིང་ནི་མདོ་སྨད་རེབ་གོང་ནས་ཡིན་ཞིང༌། ད་ལྟ་རང་ལོ་༦༩ ཡིན་ཟེར། ཁོང་རང་བཙན་བྱོལ་དུ་འབྱོར་རྗེས་རྒྱ་གར་ལྷོ་ཕྱོགས་སུ་གཞིས་ཆགས་ནས་ཡོད་ཀྱང༌། ད་ལྟ་ཁོང་གི་བུ་མོར་རྡ་སར་བོད་གཞུང་འཕྲོད་བསྟེན་ལས་ཁུངས་སུ་ལས་ཀ་རེག་པ་དང༌། ཁོ་མོར་ཕྲུ་གུ་གཉིས་ཡོད་པ་དེ་ལ་བདག་སྐྱོངས་བྱེད་ཆེད་རྒད་པོ་ཚེ་རིང་གནས་སྐབས་རིང་གངས་སྐྱིད་དུ་བསྡད་ཡོད་འདུག

ང་རང་རྒྱ་གར་ལ་ཡོང་ནས་ལོ་ལྔ་བཅུ་ཙམ་འགྲོ་གི་འདུག རྒད་པོ་ཚེ་རིང་གིས་མིག་ཤེལ་ལག་པ་གཡས་པས་འཇུས་ཤིང༌། ལག་གཡོན་པའི་རྒས་གཉེར་གྱིས་ཁེངས་པའི་མིག་ཟུང་ཕུར་ཙམ་ཕུར་ཙམ་བྱས་ནས་ང་ལ་བལྟ་ཡག་ཅིག་བྱས་སོང༌།

་་ལོ་ལྔ་བཅུ་རེད་ད་་་

ཁོས་སྐད་ཆ་དེ་བསྐྱར་ལབ་ཅིག་བྱས། ཁོང་དགུང་ལོ་༦༩ ཡིན་ན་ཁོང་ཕྱི་ལོ་༡༩༣༠ ནས་སྐྱེས་བའི་མི་ཡིན་པས་ཁོང་གི་མི་ཚེའི་བྱུང་བ་ལ་ཕྱིར་བལྟ་བྱེད་རྒྱུ་དེ་ནི་ང་ལ་མཚོན་ན་ཧ་ཅང་གལ་ཆེན་པོ་ཡིན།

ཕྱི་ལོ་༡༩༤༠ ནང་ཁོང་རོང་བོ་དགོན་པའི་གྲྭ་བ་ཡིན་ཞིང༌། སྐབས་དེའི་སྤྱི་ཚོགས་ནི་རྙོག་འཛིང་ཅན་ཞིག་རེད། ཁོ་རང་ཆུང་དུས་(མིའི་མགོ་བོ་ཡིས་རྒྱན་པའི་ཤིང་སྡོང་)མཐོང་མྱོང་ཟེར། སྒྲུང་གཏམ་དེ་ངའི་ཨ་མའི་ངག་ནས་ཀྱང་ཐོས་མྱོང་ཀྱང་དེ་ནི་སྒྲུང་གཏམ་ཙམ་རེད་བསམ་ནས་དོ་སྣང་བྱས་མ་མྱོང༌། དེ་རིང་ཁོང་གིས་དངོས་སུ་མཐོང་བའི་གནས་ཚུལ་དེ་ལ་བལྟས་ན། རོང་གོང་ཁུལ་གྱི་མཁས་དབང་ཡོངས་འཛིན་བློ་བཟང་དཔལ་ལྡན་གྱིས་  (མགོ་བོ་ཟམ་པའི་རུ་མཚོན་གྱི། རྒྱན་དུ་བྱས་) ཟེར་བ་དེ་ཡང་སྒྲོ་བཏགས་ཀྱི་སྙན་ངག་ཞིག་མ་ཡིན་པར་དོན་དངོས་གསལ་སྟོན་བྱས་པ་ཞིག་རེད་འདུག

ཁོང་ཕྲུ་གུ་ཡིན་དུས་རེབ་གོང་ས་ཁུལ་ད་དུང་རྒྱ་དམར་གྱི་དབང་སྒྱུར་སླེབས་མི་འདུག་ཀྱང༌། དབང་སྒྱུར་སླེབས་པའི་གྲ་སྒྲིག་སླེབས་བཞིན་ཡོད་པས་སྐབས་དེའི་གནས་ཚུལ་ནི་ལོ་རྒྱུས་ཀྱི་དཀྱོག་མཚམས་ཤིག་ཀྱང་རེད། ཁོ་རང་མ་སྐྱེས་སྔོན་དུ་རེབ་གོང་ཁུལ་དུ་རྒྱ་མིའི་ཤུགས་རྐྱེན་དེ་ཙམ་ཡང་མེད་པས་ཡུལ་མིས་ས་གནས་ཀྱི་དཔོན་པོ་ནང་སོ་ལ་ཁྲལ་མཇལ་གྱི་ཡོད་འདུག ཁོང་སྐྱེས་ནས་བཟུང་མ་ཇག་ཚང་ཟེར་བས་རེབ་གོང་ས་ཁུལ་དུ་དཔུང་འཇུག་བྱེད་མགོ་བརྩམས་ཡོད་ལ། སྐབས་དེའི་ལོ་རྒྱུས་རྣམས་ནི་སུས་ཀྱང་ཡིད་ཆེས་ཐུབ་བྲལ་བ་ཞིག་རེད། ཕྱི་ལོ་༡༩༣༠ ནང་རེབ་གོང་ས་ཆ་གང་སར་མ་ཇག་ཚང་འམ་མ་ཀྲུའུ་ཞི་ཡི་དམག་དཔུང་སླེབས་འདུག སྐབས་དེའི་དམག་མི་རྣམས་ཀྱིས་འཕྲོག་བཅོམ་དང་གསོད་རྡུང༌། བཙན་གཡེམ་སོགས་འཇིག་རྟེན་སྟེང་གི་ཆེས་ཐ་ཤལ་གྱི་བྱ་སྤྱོད་དེ་ལག་བསྟར་བྱས་འདུག དེ་ནི་འཛམ་གླིང་གི་བྱུང་བའི་ནང་བྱུང་མྱོང་བ་ཞིག་ཡིན་པས་ངས་འདིར་གླེང་རིན་མེད་མོད། ལོ་རྒྱུས་ཀྱི་བྱུང་བའི་ནང་ང་ཚོ་བོད་མི་རིགས་ལ་རྒྱ་དམར་ནག་གཉིས་ཀར་འཁོན་སེམས་ཡོད་པ་ཡང་རྒྱུ་མཚན་མེད་པ་ཞིག་གཏན་ནས་མིན།

རྒྱ་མི་དང་བོད་་མི་གཉིས་ཁྱིམ་ཚང་གཅིག་ཏུ་སྡོད་ཟེར་བ་དེ་ཡང་ཁ་ནས་བཤད་བདེ་ཡང་དོན་དངོས་ལག་བསྟར་ཡོང་ཐུབ་པ་ཞིག་ཡིན་མིན་ཐེ་ཚོམ་ཀྱི་གནས་སུ་ཆེ།

 

རྒད་པོ་ཚེ་རིང་ཆུང་དུས་རེབ་གོང་གི་གྲོང་གསེབ་ཁག་ལ་མ་ཀྲུའུ་ཞི་ཡི་དམག་གིས་བཙན་འཛུལ་བྱས་པ་དང༌། ཉིན་གཅིག་རིང་མི་བརྒྱ་ཕྲག་མང་པོ་གསད་པ་དང་ཁང་བ་ཡོད་ཚད་མེ་བཏང་བ་རེད། ད་དུང་མི་གསད་པའི་མགོ་བོ་རྣམས་བོང་བུ་ལ་བཀལ་ཡོང་ནས་རོང་བ་རྒྱ་མཁར་གྱི་ཤིང་སྡོང་དང་ཟམ་པ་སོགས་ལ་བཏགས་པ་རེད།

ཁོང་གིས་མུ་མཐུད་གསུང་རྒྱུར་

་་ངའི་ད་དུང་ཡང་མི་མགོ་བཏགས་པའི་ཤིང་སྡོང་དེ་འདྲ་ཡིད་ལ་དྲན་སྡོད་ཀྱི་འདུག་་

ཁོང་གིས་བཤད་མཚམས་འདིར་སླེབས་དུས་ཅི་ཞིག་དྲན་པ་ལྟར་ལག་ཟུང་ཐལ་མོར་སྦྱར་ནས་ཨོ་མ་ཎི་ཟེར་བཞིན་མ་ཎི་ཡིག་དྲུག་སྐྱོར་ཅིང༌། ཁོང་གི་ལག་ཟུང་གི་བར་ན་ཚེ་འདས་གྲངས་མེད་ཀྱི་དཀའ་སྡུག་དང་མཆི་མ་བཞུར་གྱི་ཡོད་པ་ཤེས་ཐུབ།

སྔོན་མ་ང་རང་བོད་ནང་ཡོད་དུས་ངས་རྨ་ལྷོ་སྲིད་གཞུང་རིག་གནས་ཅུས་ཀྱིས་བཏོན་པའི་གཞུང་གི་དེབ་ཅིག་མཐོང་མྱོང༌། དེབ་དེ་ནི་མ་ཇག་གིས་རེབ་གོང་ཁུལ་དུ་བཙན་འཛུལ་བྱས་བར་སྐྱོན་ངན་ཐེར་འདོན་གྱི་དེབ་ཅིག་ཡིན་ཅིང༌། དེབ་དེ་འདོན་པའི་དམིགས་ཡུལ་ནི་གུང་ཁྲན་ཏང་ནི་གོ་མིན་ཏང་ལས་ཡག་པོ་ཡོད་པ་སྟོན་ཆེད་རེད། ཡིན་ན་ཡང༌། དེབ་དེའི་ནང་བཙན་འཛུལ་བྱེད་སྐབས་མ་ཇག་གི་དམག་མི་ཞིག་གིས་མཁོ་སྤྲོད་བྱས་པའི་གནས་ཚུལ་ཞིག་འདུག་པས། ངས་གནས་ཚུལ་དེ་ལ་ཞིབ་བལྟ་བྱས་པ་ཡིན།

(སྐབས་དེར་ཀོའུ་སྡེ་གྲོང་གསེབ་ལ་དམག་འཁྲུག་རྒྱབ་ཅིང༌། ཉིན་དེར་ཀོའི་སྡེ་ཁང་ཁྱིམ་ཕལ་ཆེར་མེ་བཏང་བ་དང་ཕོ་མོ་དབྱེར་མེད་མི་གྲངས་༢༢༢ གསད་པ་རེད། གྲངས་ཀ་དེ་ངས་གསལ་བོར་དྲན་པའི་རྒྱུ་མཚན་ནི་དེ་ནང་གཉིས་ཅན་གསུམ་ཡོད་པས་ནམ་ཡང་བརྗེད་ཐུབ་མི་འདུག་)་ཅེས་འཁོད་འདུག

ངས་གནས་ཚུལ་དེ་རྒད་པོ་ཚེ་རིང་ལ་ལབ་དུས་རྒད་པོ་ཚེ་རིང་གིས།

་་དེ་ཡིན་ད་ཡིན། སྐབས་དེར་ཀོའི་སྡེ་གྲོང་སྡེ་དང་ལྕང་སྐྱ་གྲོང་སྡེ་ནས་མི་མང་པོ་གསད་པ་བདེན་པ་རེད། མི་མང་པོ་གསད་པ་མ་ཟད་ཁང་ཁྱིམ་ཚང་མ་མེ་བསྲེགས་ནས་ཆགས་ས་བརྟེན་ས་མེད་པར་བཟོས་པ་རེད་་

ཟེར་ནས་ཚིག་ཐག་ཆོད་པོས་གསུང་སོང༌།

གཞན་ སྐབས་དེར་རེབ་གོང་གིས་མ་ཀྲུའུ་ཞི་ལ་ཁྲལ་སྤྲོད་ཀྱི་མིན་ལབ་པར་བརྟེན། ཤར་བླ་བྲང་ཕྱག་མཛོད། རོང་བོ་ནང་སོ། རྒྱལ་བོ་དཔོན་པོ་གསུམ་ཉིན་མ་གཅིག་ལ་བཟུང་ནས་མགོ་བཅད་པ་རེད་ཟེར།

གནས་ཚུལ་དེ་དག་ནི་གུང་ཁྲན་ཏང་དབུ་མ་བརྙེས་སྔོན་གྱི་ལོ་རྒྱུས་ཡིན་པས། ང་ཚོ་གུང་ཁྲན་ཏང་མ་བཙུགས་སྔོན་ནས་རྒྱ་ནག་པོས་སྡུག་རྩུབ་ས་ཁུལ་དེར་སླེབས་ཡོད།

རྒད་པོ་ཚེ་རིངརང་ཉིད་ཀྱི་མི་ཚེ་ལ་ཕྱོགས་བསྡོམས་ཤིག་རྒྱག་དུས་སྐྱིད་ཟེར་བ་དེ་རོལ་མྱོང་བ་དྲན་གྱི་མི་འདུག་ཟེར།

མ་ཀྲུའུ་ཞི་ཡི་ལོ་རྒྱུས་མཇུག་རྫོགས་ཀྱང་གུང་ཁྲན་ཏང་ཟེར་བ་ཞིག་སླེབས་ནས་བོད་ཀྱི་ཆོས་དང་རིག་གཞུང༌། མི་དམངས་ལ་ཡ་ང་བའི་བརྡབས་སྐྱོན་ཐེབས་དུས་རྒད་པོ་ཚེ་རིང་ཡང་རང་ཡུལ་ནས་སྡོད་མ་ཐུབ་པར་བཙན་བྱོལ་ལ་སླེབས་འདུག

་་རྒྱ་དམར་གུང་ཁྲན་ཡོང་ནས་ཕ་ཡུལ་ལ་གནས་ཚུལ་ག་རེ་བྱུང་ཡོད་པ་ང་ལ་གསལ་བོ་ཞིག་ལབ་རྒྱུ་མེད་་

གསུང་རྗེས་ཡང་བསྐྱར་མིག་ཟུང་བཙུམ་ནས་སྨོན་ལམ་འདེབས། ཁོ་རང་གཞོན་དུས་ནས་རྒྱ་གར་ལ་ཡོང་བ་དང༌། ད་ལྟ་ཕ་ཡུལ་གང་འདྲ་ཞིག་ཡིན་པ་ཡང་མི་ཤེས་པས་སྔོན་མའི་ཕ་ཡུལ་གྱི་རྣམ་པ་སྒོམ་ནས་བསྡད་ཡོད། ངས་ཁོང་ལ་དེང་སྐབས་ཕ་ཡུལ་གྱི་རྣམ་པ་རྦད་དེ་འགྱུར་ཡོད་སྐོར་ལབ་དུས། ཁོང་གི་མགོ་ལྕོག་ལྡེམ་ལྡེམ་བྱེད་བཞིན་ང་ལ་བདེན་ཁ་སྤྲད་སོང༌། ངས་ཁོང་ལ་ཕ་ཡུལ་དུ་ལོག་འདོད་ཡོད་མེད་སྐད་ཆ་དྲི་སྐབས་ཁོང་གིས་རེ་བ་ཆད་པའི་རྣམ་འགྱུར་དང་བཅས། ངས་སྔོན་མ་ཉི་མ་རེ་རེ་བཞིན་ཕ་ཡུལ་ལ་ལོག་རྒྱུའི་རེ་བ་རྒྱབ་པ་ཡིན། ད་ནི་རེ་བ་རྒྱབ་ནས་ལོ་ལྔ་བཅུ་ཙམ་ཕྱིན་པ་རེད། ད་ལྟ་རེ་བ་ཡང་མི་འདུག སོ་སོའི་དབུགས་ཆད་པར་རེ་སྒུག་བྱེད་རྒྱུ་དེ་རེད་ཟེར། ཁོང་གི་གསུང་ལས་ང་ཚོའི་རེ་བ་ཉག་གཅིག་སྟེ་སྐྱིད་པའི་ཕ་ཡུལ་ལོག་པའི་རེ་བ་དེ་ད་དུང་རྒྱང་ཐང་རིང་པོ་ཡིན་པ་མཐོང་ཐུབ།

ཉིན་གུང་ལ་སླེབས་སོང་བས་ངེད་གཉིས་སྐད་ཆ་བཤད་མཚམས་བཞག་ནས་རང་རང་གི་སར་ལོག་པ་ཡིན། ངས་ཁོང་ལ་བདེ་མོ་ཙམ་ལ་ཡང་འཇོག་ཐུབ་མ་སོང༌། ང་རང་ཡང་བསྐྱར་མཇལ་འདོད་ཧ་ཅང་ཆེ། དེ་ལས་ཀྱང་གལ་ཆེ་བ་ཞིག་ལ་ང་ལ་ད་དུང་དྲི་བ་གྲངས་ལས་འདས་བ་ཞིག་ཁོང་ལ་བཀའ་འདྲི་ཞུ་རྒྱུ་ཡོད།