ཟླ་བ། ང་ཁེར་རྐྱང་ཡིན། (གྲོལ་བའི་སྙན་ངག་སྐོར)

གསང་བའི་གླིང་ཀ

གསང་བའི་གླིང་ཀ་ན།

བརྩེ་དུང་གི་མེ་ཏོག་འཛུམ་ཡོད་ལ།

བདེ་སྐྱིད་ཀྱི་དྲི་བསུང་འཐུལ་ཡོད།

གསང་བའི་གླིང་ཀ་ན།

གྱེས་བྲལ་གྱི་མིག་ཆུ་འཁྱིལ་ཡོད་ལ།

དྲན་གདུང་གི་རླབས་ཕྲེང་བསྐྱོད་ཡོད།

གསང་བའི་གླིང་ཀ་ན།

བསྟོད་བསྔགས་ཀྱི་འདབ་སྟོང་གྲོལ་ཡོད་ལ།

འཕྱ་དམོད་ཀྱི་ཚེར་མ་ཡང་གཟེངས་ཡོད།

གསང་བའི་གླིང་ཀ་ན།

མྱོར་ཚོར་གྱི་ཆུ་རིས་གཉེར་ཡོད་ལ།

རེ་སྨོན་གྱི་ལྟེང་ཀ་ཡང་འཁྱིལ་ཡོད།

གསང་བའི་གླིང་ཀ་ནས།

ངའི་སྙན་ངག་གི་མངར་ཁ་མྱོང་ཐུབ་ཅིང༌།

ངའི་སེམས་ཚོར་གྱི་རི་མོ་མཐོང་ཐུབ།།

གཏམ་རྒྱུད་མོག་མོག

ཞེན་ཆགས་དང་དུང་སེམས་ཀྱི་སྙིང་བོར་སྦྲུམ་པའི་གཅེས་ནོར་ཆུང་ཆུང༌།

སླར་མཇལ་མེད་པའི་གཏམ་རྒྱུད་ཀྱི་བརྗོད་གཞིར་གྱུར་ཡོད་པ།

མཁུར་ཚོས་སུ་བཞད་པའི་མཆི་མའི་མེ་ཏོག་གིས་མཚོན་ཡོད་ལ།

སྙིམ་འཐིལ་དུ་སྤུངས་པའི་གསོལ་འདེབས་གྲངས་མེད།

ལོ་ཟླའི་རླུང་འཚུབ་ཀྱིས་ཁྱེར་འགྲོ་བ་ཕལ་ཆེར་ཡིད་པ་དྲན་མི་སྲིད།

རྨི་ལམ་རྫུན་མ་ཞིག་གིས་ཁྱེད་ཀྱི་བསམ་གཞིག་གཏོར་ན་ཡང༌།

སྐྱོ་གདུང་གིས་ལྕི་བའི་སེམས་པ་ལ་སྡུག་བསྔལ་གྱི་སྣོན་མ་བཏབ་པ་ལས་ཅི།

སྙན་ངག་ཚན་གསུམ་མ།

༡ དྲན་ཤེས།

རྨི་ལམ་ན་འཚེར་བའི་འཛུམ་ཞལ་གོར་གོར་དེ།

མ་བུ་ལྷན་འཛོམས་ཀྱི་བརྡ་རྟགས་མ་ཡིན་པས།

འཕྲུལ་སྣང་གི་རེ་སྒུག་རྒྱང་རིང་རྒྱང་རིང་དུ་དོར་ནས།

རོ་བཅུད་དབེན་པའི་འཚོ་བའི་རྒྱུན་ལམ་འཚོལ་རོགས།

༢ སྙན་ངག་པའི་ས་སྲོད།

ཉི་ཟེར་དང་ཆུ་འཛིན་འཐབ་པའི་ས་སྲོད་ཀྱི་འོད་སྣང་དམར་པོ་དེ་ལ།

སྙན་ངག་པའི་སྨྱུག་རྩེ་སྐྱོད་པར་བྱེད་པའི་ནུས་པ་མི་ལྡན་ཞེས་སུས་བརྗོད་ཐུབ།

རྨ་ཁ་ལ་བཟོད་བསྲན་གྱི་ཚོར་བ་རྣོ་བ།

སྙན་ངག་པའི་ཟུངས་ཁྲག་བཞུར་བའི་མངོན་རྟགས་ལོས་ཡིན།

༣ ཚོར་འདུ།

ནུབ་ཁའི་ཉི་འོད་དང་ལྷན་དུ་རྒས་པའི་སྙན་ངག་དམར་པོ།

དྭངས་ཐུབ་མེད་པའི་སྨུག་ཞགས་དེའི་ཀློང་རིམ་ནས་འཛུམ་པ།

བརྩེ་སེམས་ཟབ་དྲགས་པའི་ཚོར་འདུ་དེའི་བདེན་ཁ་རེད་ལགས།

༡༩༩༨ ལོའི་ཕྱི་ཟླ་༡ པའི་ཚེས་༡༨ ཉིན་རྡ་ས་ནས།

འདུ་འབྲལ།

རྒྱང་རིང་དུ་གྱེས་པའི་ཁྲུང་ཁྲུང་གི་ཁྱུ་གཅིག

སྟེས་དབང་གི་འཛོམས་པའི་དགའ་སྟོན་ལ་རོལ།

དྲན་གདུང་དང་སྐྱོ་ངལ་བཞུས་པའི་ཆབ་རྒྱུན་རིང་མོ།

མུ་ཏིག་གི་ཕྲེང་བ་ཇི་བཞིན་སོ་སོའི་མིག་ཀོང་གི་མཛེས་རྒྱན་དུ་སྤྲས།

སྙིང་དབུས་སུ་ཉར་བའི་གསང་གཏམ་དང་རྨ་ཁ་ཡོད་ཚད།

ཁ་དབུགས་དྲོན་མོའི་ཀློང་རིམ་ན་ཡང་ཡང་འཕུར་མོད།

བརླན་སྟུག་སྟུག་དང་འཁྱག་སིབ་སིབ་ཀྱི་ཚོར་བ་ལྗིད་མོས།

ཕན་ཚུན་གྱི་ཡིད་ལ་གཏམ་རྒྱུད་རིང་པོ་ཞིག་བྲིས།

བརྩེ་དུང་དང་ཁྲོ་འཛུམ་གྱི་ཟློས་གར་མང་པོ་ཡང༌།

ཁ་སང་དང་དེ་རིང་གི་རྨི་ལམ་ཙམ་ག་ལ་ཡིན།

ཐོབ་ཤོར་དང་རེ་སྙེག་གི་ལམ་ཁ་ཡོད་ཚད་ཀྱང༌།

འདི་ནས་མགོ་བརྩམས་ཤིང་འདི་ནས་མཇུག་བསྡུས་པ་མ་ཡིན་པས།

ང་ཚོ་ལ་མཁོ་བ་དྲོད་འཁོལ་ཡིན་པ་རྟོགས་ཐུབ།

༡༩༩༨ ལོའི་ཕྱི་ཟླ་༣ པའི་ཚེས་༡༩ ཉིན་རྡ་ས་ནས།

རྒྱང་འབོད་རིང་མོ།

སྐྱོ་གདུང་དང་བརྩེ་ཞེན་མང་པོ་སྟོན་མཇུག་གི་སྡོང་ལོ་ལྟར་བཞུད་ཟིན་ཅིང༌།

རེ་སྒུག་དང་བཟོད་སྒོམ་གྱི་སེམས་དྲོད་ཡོད་ཚད།

དགུན་ཁའི་འཁྱག་རོམ་གྱི་སྦུབས་སུ་འདྲེན་ཐེངས་རེར།

བུ་ཆུང་ལ་བཅིང་བའི་བརྩེ་སེམས་མ་ཉམས་པ་ནི།

ཅི་འདྲའི་རླབས་ཆེན་གྱི་བྱམས་བརྩེ་ཞིག་རེད་ཨང༌།

ཨ་མ་ལགས།

ངས་ཁྱེད་ཀྱི་གཤིས་འཇམ་གྱི་དཔེར་མཚོན་འཚོལ་ཕྱིར་སྟོང་གསུམ་གྱི་ཁྱོན་ཀུན་མྱུལ་ཡང༌།

མཇུག་མཐར་ཁྱེད་ཀྱི་འོ་འཛིན་ལས་ཐོན་པའི་བདུད་རྩིའི་རོ་བཅུད་དང༌།

ཁྱོད་ཀྱི་སྐུ་ངལ་གྱིས་བསྐྲུན་པའི་སྦྲང་དཀར་རྩམ་པའི་དྲི་ངད་སྣ་ལམ་དུ་འཐུལ་ཞིང༌།

སྐྲ་ལོ་ཁ་བས་བྱུགས་པའི་སྣང་བརྙན་གསོན་པོ་དེས།

ངའི་སྙིང་ལ་བཟོད་པར་དཀའ་བའི་རྨ་ཁ་བཟོས།

དེ་དུས་ངས་རྨ་ཁ་ལག་པས་སྐྱོར་བཞིན་ཧི་མ་ལ་ཡའི་རྩེ་རུ་འཛེགས་ཏེ།

ཨ་མ་དྲན་པའི་སྐྱོ་གླུ་ཤུགས་ཀྱིས་གྱེར།

གལ་སྲིད་ཁྱེད་རང་ཡིད་མི་ཆེས་ན་དྲག་ཏུ་འབབ་པའི་རྨ་ཆུ་སྔོན་མོ་ངའི་མིག་ཆུ་ཡིན་པས།

དྭངས་གཙང་གི་མིག་ཆི་སྙིམ་པ་གང་བཞེས་དང༌།

ངའི་དྲན་གདུང་དང་སྐྱོ་ངལ་གྱི་མངར་ཁ་མྱོང་ཐུབ་ངེས་ཡིན།

རྟོག་བཏགས་དང་རྨི་ལམ་མང་པོའི་རྒྱལ་ལྗོངས་ན།

ཁྱེད་ཀྱི་འཛུམ་ཞལ་མངོན་ཞིང་ཁྱེད་ཀྱི་མིག་ཆུ་འཚེར།

ངས་ཡན་ལག་གི་དུམ་བུ་རེ་རེ་བཅད་ནས་ཁྱེད་ཀྱི་བཀའ་དྲིན་གཞལ་བར་འདོད་ཀྱང༌།

ཁྱེད་ཀྱི་མཆི་མ་རྡོག་གཅིག་གི་རིན་ཐང་ཡང་ཇི་ལྟར་གཞལ་ཐུབ།

འདས་སོང་གི་གཏམ་རྒྱུད་མང་པོའི་ཁྲོད།

སྙིང་ཉེ་བའི་ངོ་གདོང་ཆུང་ཆུང་དེས།

ཁྱེད་ལ་རྒྱལ་ཁ་དང་སྤྲོ་སྣང་ཅི་འདྲའི་མང་པོ་ཞིག་སྤྲད་ཡོད་པ་ལ་ཨང༌།

ཨ་མ་ཡ།

ཁྱེད་འཛུམ་པ་ངའི་མདུན་ལམ་གྱི་ཆེད་དང༌།

ཁྱེད་གཞིམ་པ་ངའི་བདེ་སྐྱིད་ཀྱི་ཆེད་ཡིན་པ་རྟོགས་ཡོད་མོད།

དེ་རིང་ང་ཚོས་གནམ་སས་ཆོད་པའི་རྒྱང་རིང་གི་ཡུལ་ན།

ཕན་ཚུན་དྲན་གདུང་གིས་གཟིར་ནས་ལུས།

ཡུམ་ཆེན་མ་སྐུ་ཚེ་རིང་བའི་སྨོན་ལམ་འདེབས།

༡༩༩༨།༣།༢༢ ཉིན་རྡ་སར་བྲིས།

བདག་དང་རྦབ་ཆུའི་ལས་དབང༌།

ཆིལ་ཆིལ་དུ་འབབ་པའི་རྦབ་ཆུ་ལས།

ཟིམ་ཟིམ་གྱི་ཟེགས་མ་གྲངས་མེད་འཐོར།

དུང་དུང་གི་སེམས་གཞས་སྙན་མོ་དེ།

ཐོལ་ཐོལ་དུ་ཤོར་བའི་སྙིང་གཏམ་ཡིན།

སེམས་ཆུ་དང་མིག་ཆུ་འདྲེས་བའི་བར་མཚམས་ནས།

བྱམས་ལྡན་མའི་འཛུམ་ཞལ་ཡང་ཡང་མཇལ།

རླབས་ཕྲེང་ལས་འཕུར་བའི་སྙན་ཚིག་ལས།

ཡུལ་གྱར་བའི་དྲན་གདུང་གསལ་བོར་མངོན།

རྦབ་ཆུ་ལ་ཚེ་སྲོག་མེད་ན།

མགོ་རུས་སྐམ་པོ་ལས་མིག་ཆུ་བཞུར་དོན་མེད་ལ།

རྦབ་ཆུ་ལ་བརྩེ་སེམས་མེད་ན།

མིའི་སེམས་ཀྱི་དྲན་ཤིང་བསྒུལ་མི་ནུས།

རྦབ་ཆུ་ཡིས་སྙན་ངག་པ་གང་མང་བཟི་བར་བྱས་མྱོང་ལ།

རྦབ་ཆུ་ཡིས་རྒྱལ་གཅེས་པ་གྲངས་མེད་ཀྱི་ཟུངས་ཁྲག་སྦྲུམ་མྱོང༌།

རྦབ་ཆུ་ཡིས་ཕོ་མོའི་བརྩེ་དུང་གི་སྨྱུག་གསར་ལ་ཚེ་སྲོག་སྦྱིན་མྱོང༌།

ང་རང་ལ་མཚོན་ན། རྦབ་ཆུ་ཡིས་བརྩེ་ལྡན་ཨ་མའི་སྣང་བརྙན་སྙིང་ལ་བྲིས།

དཀར་ནག་གོ་ལྡོག་པའི་འཇིག་རྟེན་འདི་ན།

བདག་དང་རྦབ་ཆུ་ལ་བགྲོད་ལམ་ཞིག་གཏན་ནས་མེད་ཀྱང༌།

ངེད་གཉིས་ཨུ་ཚུགས་ཀྱིས་སྔོན་དུ་སྐྱོད་དགོས།

འདི་ནི་ངེད་དང་རྦབ་ཆུའི་ལས་དབང་ཡིན།

༡༩༩༨།༤།༦ ཉིན་རྡ་སའི་རྦབ་ཆུའི་འགྲམ་དུ་བྲིས།

དྲི་བ།

ཁེར་རྐྱང་གི་ཟླ་བ་ཡ།

ཁྱེད་རང་དྲན་གདུང་གི་སྐྱོ་གླུ་སྣ་མང་གི་བྲང་ཁར་འབྱར་ནས།

སྟོངས་ལྷང་ལྷང་གི་མཁའ་དབྱིངས་འདིེར་ངེས་མེད་བགྲོད།

ད་དུང་མདའ་ལྟར་དྲང་བའི་མིག་འོད་དེས་སུ་ཞིག་གི་སྙིང་ཁོང་བརྟོལ།

ལྷག་པར་ཅི་ཞིག་མཐོང་འདོད་ཀྱི་འདུན་པ་ཆེ་དྲགས་ནས།

ནུབ་རིའི་མགུལ་བར་འཁྱུད་ནས་ཕྱི་མིག་ཡང་ཡང་བལྟ།

ཁྱེད་ཀྱང་ཉམ་ཆུང་བདག་ནང་བཞིན་བདེ་སྣང་དབེན་པའི་འཇིག་རྟེན་འདིར།

ཁེར་རྐྱང་གི་ཚོར་བ་སྐྱུར་མོས་མནར་ཡོད་ལས་ཆེ།

གོམ་པ་སྤོ་ས་མ་རྙེད་པའི་འཁྱམ་པོ་ཞིག་གིས་བརྗོད་པ་ལྟར་ན།

འཇིག་རྟེན་འདི་ཚེར་མ་དང་དུག་ཤིང་གིས་ཁེངས་ཤིང༌།

གང་དུ་བཙལ་ཀྱང་བདེ་སྐྱིད་རྙེད་མི་སྲིད་བརྗོད།

ཟླ་བ་ལགས། ཁྱེད་ཀྱིས་གསུངས་དང༌།

འཇིག་རྟེན་ན་ཞི་འཇམ་དང་བདེ་སྣང་མེད་པར་དེ་འདྲའི་རྙོག་འཛིན་ཞིག་ཡིན་ན།

ང་ཚོ་ལ་བཟོད་སྒོམ་དང་མདུན་དུ་སྐྱོད་པའི་སྤོབས་པ་འཕར་མ་ཞིག་དགོས་པ་མ་རེད་དམ།

དགའ་མ།

ཡིད་ཆེས་དང་འདུན་མ་གང་མང་ཞིག

ཁྱེད་ཀྱི་འཛུམ་ཞལ་དེའི་ཆེད་དུ་གཏོར་བ་མ་ཟད།

ཁྱེད་ཀྱི་ཡིད་ལ་འབབ་པའི་གཤིས་འཇམ་སྒོམ་བཞིན།

འཕྲེང་སེམས་མག་མོག་གི་ཀློང་རིམ་འགྲིམ་ན་ཡང༌།

བློ་ཡིད་ཚིམ་པའི་ཨ་ལན་ཞིག་རིང་དུ་གྱུར་དོན་ཅི།

སྙིང་སྡུག་མ། དུས་ཚོད་ལ་སྙིང་རྗེ་མེད་པས།

ཁྱེད་དང་ངེད་ཀྱི་རེ་བར་སྡོམ་ཚིག་འཇོག་མི་སྲིེད།

དེ་བས་ཡུན་རིང་སྙིང་ཁོང་ལ་སྦས་པའི་དྲོད་རླབས་སྙི་མོས།

ངའི་འཇགས་ལ་ཉེ་བའི་ཁྲག་རྒྱུན་ལ་ཚེ་སྲོག་སྦྱིན་རོགས།

སྙིང་སྡུག་མ། ཕམ་ཁ་ལ་མགོ་བོ་མི་སྒུར་བའི་ང་རང༌།

ཁྱེད་དང་འཕྲད་པའི་ཉིན་ནས་བཟུང༌།

ཤེས་མེད་ཚོར་མེད་ཀྱི་འཇིག་རྟེན་ཞིག་འཁྱམས་པས།

ཡིད་ཚོར་ལ་འཁྲིལ་བའི་རེ་སྟོང་གི་ལག་ཟུང༌།

ཁྱེད་ཀྱི་ཕྱོགས་སུ་མི་བསྲིངས་ཐབས་མེད་བྱུང༌།

སྙིང་སྡུག་མ། མིག་ཆུ་དམར་པོ་འདི་དྲན་རྟེན་མ་ཡིན་ལ།

སྐྱོ་ངག་རིང་མོ་འདི་དྲན་མགུར་དེ་བས་མིན།

ངའི་སྙིང་དབུས་ཀྱི་ཞེན་ཆགས་ཡོད་ཚད།

ཁྱེད་ཀྱི་མཚར་སྡུག་བཀྲ་བའི་གཏམ་རྒྱུད་ལ་བསྟིམས་ཡོད།

སྙིང་སྡུག་མ། ཆར་བ་ཤག་ཤག་འབབ་པའི་སྒྲ་དབྱངས་ཀྱི་འགྱུར་ཁུགས་ཁྲོད།

ཁྱེད་ཀྱི་ཆེད་དུ་མྱོས་པའི་རྣམ་ཤེས་ལྡོམ་པོ་ཞིག་ལ།

རབ་རིབ་ཀྱི་འཇིག་རྟེན་ཟླུམ་པོ་འདིའི་སྟེང༌།

ལྷིང་འཇགས་དང་སྤྲོ་སྣང་མེད་པ་ཁྱེད་ཀྱིས་རྟོགས་སམ།

སྙིང་སྡུག་མ། གསལ་གསལ་དུ་འཛུམ་པའི་ཟླ་གཞོན་ལ་ཅེར་ནས།

སྡུག་ཡས་སྐར་ཚོགས་ལ་བཅོལ་བའི་སེམས་པ་ཆུང་ཆུང་དེ།

ཁྲེལ་དགོད་དང་ཟུར་ཟའི་གཟེབ་དུ་བཅུག་ན་ཁྱེད་ལ་ཅི་ཡང་མི་ཐོབ་པས།

རེ་འགྲུབ་ཀྱི་ཕོ་ཉ་མྱུར་དུ་གཏོང་རོགས།

སྙིང་སྡུག་མ། ད་ལྟའི་མཇལ་འཛོམས་ལས་བྱུང་བའི་བརྩེ་སེམས་ཀྱི་མེ་ལྕེ།

ཤ་ཁྲག་གིས་བཏུམས་པའི་བྲང་ཁོག་ལ་བཅུག་ནས།

རང་ཉིད་མེ་ལ་སྒྲོན་ཐེངས་རེར།

བསམ་གཞིག་གིས་དེད་པའི་རྒྱང་འབོད་རིང་མོ་འདི།

ཁྱེད་ཀྱི་སྙན་ལ་མི་སྒྲོགས་ཐབས་མེད་བྱུང༌།

སྙིང་སྡུག་མ། ལས་དབང་གི་ལམ་སྣེ་གར་ཡོད་མ་ཤེས་པར།

རེ་སྨོན་གྱི་ལམ་ཁ་ཡོད་ཚད་ཁྱེད་ལ་བཅོལ་བའི་ང་རང༌།

ནམ་ཡང་ཁྱེད་ཀྱི་ཡིན་ནོ།། སྙིང་སྡུག་མ།

འདི་ལྟར་ལུས།

གདོད་མའི་སྟོང་འཇགས་ཀྱི་ལུང་ཁུག་དེ་ནས།

ཆག་གྲུམ་ཤོར་བའི་རྟོགས་བརྗོད་ཅིག་གི་བརྗོད་བྱ་འཚོལ་བཞིན།

དགའ་སྐྱོ་འདྲེས་མའི་ཟློས་གར་འཁྲབ་པ་ནས།

སྡང་དགྲའི་གདུག་རྩུབ་ཀྱི་མདུང་རྩེ་རེ་རེ་ལ།

སྐྱབས་འཇུག་དང་གདུང་འབོད་ཁོ་ནས་རྒོལ་ལན་སྤྲད།

འོན་ཀྱང༌། སྤྲེལ་སྲིན་ལས་མཆེད་པའི་ཚེ་སྲོག་མང་པོ།

རྙོག་འཛིང་གི་འཚོ་བའི་ཁྲོད་མགོ་བོ་འཐོམས་ཤིང་མདུན་ལམ་བརླག་ནས།

འཇིགས་སུ་རུང་བའི་དུར་ཁྲོད་ཅིག་ན་འཁྱམས་འདུག

བྱུང་ཟིན་པ་ནི་བལྟས་ཟིན་པའི་གནའ་སྒྲུང་འབའ་ཞིག་ཡིན་ལ།

འབྱུང་འགྱུར་ནི་བསམ་མི་ཐུབ་པའི་རྨི་ལམ་ཐུན་གཅིག

༡༩༩༧།༧།༢༢

བདེ་མོ།

ཁ་སང༌། ཁྲོ་འཛུམ་གྱི་པུར་རྩེ་བསྐྱོད་པ་ལས།

བརྩེ་སེམས་ཀྱི་རི་མོ་གསར་དུ་བྲིས་པ་མ་ཟད།

མི་འགྱུར་རྟག་བརྟན་གྱི་ཚོན་རིས་བྱུགས།

དུས་རིམ་གྱི་ཁུག་པ་ཞིག་ནས།

གངས་རིའི་ནང་རོལ་གྱི་ལྷགས་རླུང་རྩུབ་པོས།

ང་ཚོའི་རྨི་ལམ་གྱི་ཞིང་ཁམས་དཀྲོགས།

ཁྱེད་ཀྱིས་དྲན་གདུང་གི་གཞས་ཆུང་ཁྱེར་འགྲོ་ན།

ད་དུང་ཁ་བྱང་བྲིས་མེད་པའི་གཏམ་རྒྱུད་འདི་ཡང་ལྷན་དུ་ཁྱེར་རོགས།

༡༩༩༧།༧།༢༨ ཉིན་སུ་ཇ་ནས།

འཕྲིན་ལན།

རོ་བཅུད་དབེན་པའི་ལོ་ཟླ་མང་པོའི་ཁྲོད།

ང་ཚོས་བདེ་སྣང་དབེན་པའི་འཚོ་བ་ཞིག་རོལ།

དེ་བས་ཐེངས་འདིའི་འགྲུལ་བཞུད་ལ་སྤྱི་བསྡོམས་བྱེད་མ་ཐུབ།

མདང་དགུང་སྨྲེང་སེམས་ལས་བཞུར་བའི་དྲན་གླུ།

མཚན་མོའི་ཟླ་འོད་དང་ལྷན་དུ་གྱེར་ཞིང༌།

མཐོང་ཆུང་དང་འཕྱད་དམོད་ཀྱི་དྲག་ཆར་ངར་མའི་ཀློང་དུ།

ཁྱེད་ཀྱི་ལྷད་མེད་པའི་བརྩེ་བ་ལ་ཡིད་སྨོན་ཤོར།

སྤུན་མཆེད་ལགས།

ངས་ཅི་ཡང་མ་རྙེད་པའི་ས་ནས་ཁྱེད་ཀྱིས་གང་ཡང་རྙེད་འདུག་པས།

རང་ཉིད་ལ་དབང་བའི་འཇིག་རྟེན་དེ་ནས་ཤར་བསྐྱོད་བྱེད་རོགས།

༩༧།༡༠།༡༠ ཉིན་སྤུན་མཆེད་ཀྱི་ཡི་གེ་བཀླགས་རྗེས།

གངས་དཀར་ལགས།

ལྟེ་ཁྲག་གི་རྒྱུ་བ་དཀར་གཙང་གཙང་གི་ཁྱེད་ཀྱི་ཕང་བར་གཏོར་ཞིང༌།

གདངས་མི་སྙོམས་པའི་ངུ་སྐད་རིང་མོ་ཞིག་གིས་ཁྱེད་ཀྱི་འཇིག་རྟེན་ལ་མིང་རྟགས་བཀོད་དུས།

ཁྱེད་ལ་ཐོབ་པ་ནི་ཤོར་ཀྱང་ཁས་ལེན་གྱི་འདུན་པ་མི་ཉམས་པའི་ཨུ་ཚུགས་གཅིག་པོ་ག་ལ་ཡིན།

གངས་དཀར་ལགས། ཀ་ཁའི་དབྱངས་རྟ་སྙན་མོས་ཁྱེད་ཀྱི་རྨོངས་གཉིད་སེལ་འདོད་ཆེ་བའི་ང་རང༌།

རྩམ་པ་དང་འོ་མའི་རོ་མངར་ལ་བརྟེན་ནས་འཚར་ལོངས་བྱུང་བས།

ཁྱེད་ཀྱི་ཕམ་ཁ་དེ་ངེད་ཀྱི་ཕམ་ཁ་ཡིན་པ་གསལ་རྟོགས་བྱུང་ཡོད་ཀྱང༌།

འཕྱིས་དྲགས་པའི་གཏམ་རྒྱུད་དེའི་མཇུག་བྱང་ནི་དམར་པོ་ཁྲག་གི་བཞུར་རྒྱུན་ཁོ་ན་ཨེ་རེད།

གངས་དཀར་ལགས། མེ་དཔུང་ལྟར་འབར་བཞིན་པའི་ལ་རྒྱ་གསོན་པོ་བགྲང་ལས་འདས་པ་ཞིག

ཁྱེད་ཀྱི་ཆེད་དུ་ཐལ་བར་འགྱུར་མི་སྲིད་པ་མ་ཡིན་པས།

དུས་ཚོད་ལ་རིན་ཐང་ཡོད་མེད་ཀྱི་རྩོད་རྙོག་སྤངས་ནས།

གསར་སྐྱེས་ཀྱི་གཞོན་ནུ་རྣམས་ལ་ལམ་ཁ་གསར་བ་ཞིག་བསྐྲུན་དགོས་པ་མ་རེད་དམ།

གངས་དཀར་ལགས། ཞིེ་བདེའི་དེད་དཔོན་གྱི་མཚན་སྙན་འཛམ་གླིང་གི་མུ་ཁྱུད་ལས་བརྒལ་ན་ཡང༌།

རང་ཡུལ་ལ་ཕྱི་མིག་གིས་བལྟ་དུས་ཡོད་ཚད་སྔར་བཞིན་ཟུངས་ཁྲག་གིས་སྦགས་འདུག

ང་ཚོས་ལས་དབང་ལ་འཁང་ར་བྱས་མ་མྱོང་ལ་བྱེད་ཀྱང་མི་ནུས།

འོན་ཀྱང༌། ལས་དབང་ལ་རེ་སྒྲུག་བྱས་པས་ང་ཚོ་ལ་རང་དབང་གི་དགའ་སྟོན་བསྐྲུན་མི་སྲིད།

ཚིག་འབྲུ་རློན་པ།

དགོད་སྒྲ་དང་འཛུམ་མདངས་ཀྱིས་སྟོང་བའི་གནས་ཤིག་ནས།

ཁྱེད་རང་སྐྱོ་ལྷང་ལྷང་དང་གྲང་ཤུར་ཤུར་ངང་བཞུད་སོང༌།

དྲི་མ་བྲལ་བའི་ཁ་བཏགས་དེའི་ལྟེབ་ཁུག་ན།

ངའི་བརྩེ་སེམས་དང་རེ་སྨོན་འཁྱིལ་ཡོད་པས།

ཡུན་འདྲིེས་ལྷད་མེད་ཀྱི་དུང་ཞེན་མངར་མོ།

འདི་ལྟར་སྡུག་ཡས་སྐྱུར་མོས་བརླག་འགྲོ་བ་སུ་ཞིག་གིས་རྟོགས་ནུས།

ལག་གཡུག་བར་ནས་འཐོར་བའི་བྲལ་ཁའི་འཁྲེང་སེམས་དང་མཆི་མ།

ཅི་འདྲའི་བཟོད་ཐུབ་བྲལ་བའི་ན་ཟུག་ཅིག་རེད་ཨང༌།

ཁོ་མོར་འདི་ལྟར་གྱེས་ཤིང་ཁྱེད་ལ་འདི་ལྟར་སྐྱེལ་མ་བྱེད།

གྱེས་བྲལ་ལས་བཞུར་བའི་གདུང་སེམས་ལྕི་མོས།

ངའི་སྙིང་ཆུང་ལ་བཙན་གནོན་ཅི་འདྲའི་མང་པོ་ཞིག་བྱས་ཡོད་པ་ལ།

ཁ་སང་གི་སྤྲོ་སྣང་དང་དེ་རིང་གི་གྱེས་གདུང་གཉིས་པོ་ནི།

ཆ་མི་སྙོམས་པའི་འཇིག་རྟེན་འདིའི་ལམ་ཁ་ཡིན་པས།

སྐྱུར་དྲི་ལྡིང་བའི་འཚོ་བ་འདི་ལ་འཁང་ར་བྱས་ཀྱང་ག་ལ་ཕན།

བདེ་བར་ཕེབས།

ད་ནི་མཆི་མ་བསྲེས་བའི་ཚིག་འབྲུ་རློན་པ་འདི་མི་བརྗོད་ཐབས་མེད་བྱུང༌།

༩༨།༥།༢༧ ཉིན་རྡ་ས་ནས་བྲིས།

སྙན་ངག་གི་མངར་ཁ།

སྙན་ངག ལྷོག་ལྷོག་ཏུ་འབར་བའི་མེ་ལྕེ་བཞིན།

སྙན་ངག འུར་འུར་དུ་གཡུག་པའི་ལྷགས་རླུང་བཞིན།

སྙན་ངག སིམ་སིམ་དུ་འབབ་པའི་སྦྲང་ཆར་བཞིན།

སྙན་ངག ཐམས་ཅད་ཁྱེད་ལས་རྒྱལ་ཞིང་ཐམས་ཅད་ཁྱེད་ལས་ཕམ།

སྙན་ངག ཁྱེད་ནི་རྩོམ་པ་པོའི་བླ་སྲོག་ཡིན་ལ་མདུན་མ་ཡང་ཡིན།

ཁྱེད་ནི་སྙན་ངག་པའི་མཆི་མ་ཡིན་ན་སྡུག་ཡུས་ཀྱང་ཡིན།

ཁྱེད་ནི་འཇིག་རྟེན་ལ་མཛེས་སྡུག་སྤྲོ་མཁན་ཡིན་ལ།

གཏོར་བརླག་གཏོང་མཁན་ཡང་ཡིན།

སྙན་ངག ཁྱེད་ནི་ཕྲུ་གུ་སོ་མེད་ཚོའི་མགྲིན་ནས་ཐོན་པའི་ངུ་སྒྲ་ཡིན་ལ།

ཁྱེད་ནི་རྒན་རྒོན་ཚོས་ཉི་མ་གཏོང་བའི་སྒྲུང་གཏམ་ཡིན།

སྙན་ངག ཁྱེད་ནི་སྤྱང་པོ་ཚོར་མཁོ་བའི་མི་གསོད་ཀྱི་ལག་ཆ་ཡིན་ལ།

ལྐུགས་པ་ཚོར་དབང་བའི་རང་བྱུང་གླུ་དབྱངས་ཡིན།

གང་ལྟར༌། སྙན་ངག་གིས་ང་ཚོ་ལ་ལོ་རྒྱུས་ཀྱི་དན་རྟགས་བཞག་ཡོད་པས།

ང་ཚོར་ཡབ་མྱེས་གཉའ་ཁྲི་བཙན་པའི་རྨུ་ཐག་ལ་འཇུས་ནས།

ཁ་བ་རི་བའི་གསང་བ་འཚོལ་དུ་འགྲོ་ཆོག་པའི་དབང་བོ་བྱས་ཡོད།

ཕམ་ཁ།

སྟོན་མཇུག་གི་སྡོང་ལོ་ལགས། བདག་ཀྱང་ཁྱེད་ནང་བཞིན།

དཔྱིད་ཀྱི་དུས་སུ་འབུས་མྱོང་བ་མ་ཟད། དབྱར་གྱི་དུས་སུ་བཞད་མྱོང༌།

སྐབས་དེར་རང་གི་མི་ཚེ་ནི་མཚར་སྡུག་རྣམ་པར་བཀྲ་བ་ཞིག་ཏུ་བསམ།

རེད་ཡ། ཟླུམ་གཟུགས་གོ་ལའི་འཁོར་སྐྱོད་འདིས།

ངའི་ཚེ་སྲོག་ལ་འབོད་པ་གཏོང་བཞིན་ཡོད་པ་སུ་ཞིག་གིས་རྟོགས་ནུས།

ཉིན་དེར་ངས་ཡོད་ཚད་རྒྱབ་ཏུ་བསྐྱུར་ཏེ།

རྒྱུས་མེད་ཀྱི་ཡུལ་གྲུ་ཞིག་ལ་འཁྱམ་དགོས་བྱུང༌།

འདི་ཡང་འོད་སྟོང་འབར་བའི་མདུན་ལམ་ཞིག་གི་ཆེད་དུ་ཡིན།

དེ་བས་གྲང་རླུང་དང་གངས་ཆར། ཚ་གདུང་དང་བཀྲེས་སྐོམ།

ངས་དཀའ་ངལ་བརྒྱ་ཕྲག་ལ་བཟོད་སྒོམ་བྱས་པ་ཡིན།

འོན་ཀྱང༌། རང་དབང་གི་ལུང་བར་འཚོ་བ་ལ་རང་དབང་མེད་ས་ནས།

གཅེས་བར་འོས་བའི་མི་ཚེ་ཐུང་ཐུང་འདི།

རིན་ཐང་ཅི་ཡང་མེད་པས་སྟོན་མཇུག་གི་སྡོང་ལོ་དང་ལྷན་དུ་གང་སར་འཕུར།

ངའི་འཕུར་སྐྱོད་ལ་འབྲས་སུ་ཡོད་མི་སྲིད།

༡༩༩༨།༡།༨ ཉིན་རྡ་སར་བྲིས།

རོལ་དབྱངས་ལ་འཁྱུད་པའི་དུང་ཞེན།

སྒྲ་ཐག་འཁོར་ལོའི་རོལ་དབྱངས་ཀྱི་འགྱུར་ཁུག་ཁྲོད།

དྲན་པ་སྨྱུག་རྩེར་དྲངས་ནས་སྙན་ངག་དམར་པོ་ཞིག་ཤོག་ངོས་སུ་ཕབ།

གནས་འདིེར་ཨ་མའི་བྱམས་བརྩེ་ཡི་མངར་ཁ་མྱོང་མི་ཐུབ་ཅིང༌།

གནས་འདིར་ཡིད་མཐུན་སྤུན་ཟླ་ཚོའི་བརྩེ་འདང་གི་བདུད་རྩི་སྤྱོད་མི་ཐུབ།

ང་རང་གཅིག་པོ་འགྲོས་མཉམ་པའི་སྒྲ་དབྱངས་ཀྱི་ཀློང་ལ་ཐིམ་ནས།

དྲན་གདུང་དང་བློ་ཕམ་གྱི་ཁུར་བོ་བརྩེགས་མ་ཞིག་ཁུར་དགོས་བྱུང༌།

ངའི་སེམས་ཁམས་དང་སྒྲ་དབྱངས་ཀྱི་འགྱུར་ཁུགས་གཉིས་ཧ་ཅང་སྙོམས།

དོ་དགུང་མཁའ་དབྱིངས་ན་ཟླ་བ་མེད་ལ་སྐར་ཚོགས་ཀྱང་མེད།

ཁོར་ཡུག་ཡོད་ཚད་མུན་ནག་གི་སྒྲིབ་རས་ཡུག་གཅིག་གིས་གཡོག་འདུག་པས།

ངའི་མཐོང་ལམ་ཡོད་ཚད་མུན་ནག་ལས་མ་མཆིས།

མུན་ནག་གི་ཁྲོད་ན་འོད་སྣང་མེད་པ་སྔར་ནས་རྟོགས་ཚར་ཡོད་མོད།

ཞེན་ཆགས་ཀྱི་དྲག་རླུང་རྩུབ་པོ་འདིས་ང་རང་གང་སར་ཁྱེར་ཏེ།

འོད་སྣང་འཚོལ་དགོས་བའི་དྲན་བསྐུལ་གཏོང་བཞིན་མཆིས།

རེད་ཡ། ང་རང་འོད་སྣང་ལ་དུང་དྲགས་པའི་དབང་གིས།

ལ་རྒྱའི་དམ་བཅའ་སྙིང་ལ་བཀོད་ནས་མུ་མཐུད་འཚོལ་དགོས་བྱུང༌།

འཇིག་རྟེན་འདིར་འོད་སྣང་མེད་ཟེར་ན་ང་རང་ཡིད་ཆེས་མི་སྲིད།

འོན་ཀྱང༌། ང་རང་ལོང་བ་ཆགས་པའི་དབང་གིས།

མུན་ནག་གི་གཏམ་རྒྱུད་འདིའི་གླེང་བརྗོད་འབྲི་དགོས་བྱུང༌།

ངས་འདི་ལྟར་མཚར་སྡུག་ལྡན་པའི་འཇིག་རྟེན་ལ་བདེ་མོ་འཇོག་མི་འདོད།

གང་ལྟར་ང་རང་གོམ་པ་འགའ་སྤོ་འདོད་ཧ་ཅང་ཆེ།

ང་རང་འཇིག་རྟེན་འདི་ལ་དགའ་ཞིང་འདི་ནས་ངས་བདེ་སྐྱིད་ཀྱི་འོད་སྣང་རྙེད་ཐུབ།

དེ་བས་ངའི་སྨྱུག་རྩེ་ཡི་རོལ་གར་སྒྲ་དབྱངས་ཀྱི་འགྱུར་ཁུགས་ཁྲོད་ཅི་དགར་རྩེན།

༩༩།༦།༢ ཉིན་བྲིས།

ཡུལ་གྱར་བའི་འབོད་པ།

༡ ནམ་རྒྱུན་ཚོར་བ་ལྕི་མོ་ཞིག་ཁུར་ནས་མདུན་དུ་བསྐྱོད་དགོས་པ་འདི།

རང་ཡུལ་ཤོར་བའི་འཁྱམ་པོ་བདག་གཅིག་པོའི་ལས་སྐལ་མ་ཡིན་པས།

མི་རིགས་ཀྱི་དཀའ་སྡུག་ལ་བསམ་བློ་གཏོང་བའི་ཁྲེལ་ཡོད་ཅིག་ཡིན་ན།

ཕེབས་ཤོག་དང་ང་ཚོ་མཉམ་དུ་འགྲོ་ཡ།

ཁ་བའི་སྨན་ལྗོངས་ན་བཙན་དབང་ལྷགས་རླུང་གི་རལ་ཁ་རྩུབ་པ་བདེན་མོད།

འགོག་རྐྱེན་ལ་གདོང་ལེན་མེད་ཚེ་གངས་དཀར་ལྷ་མོའི་བུ་རྒྱུད་ཅིག་གི་མཚན་ཉིེད་མ་ཚང་བས།

བཟོད་བསྲན་གྲངས་མེད་ཀྱི་ན་ཟུག་སེལ་རྒྱུ་ནི་ང་ཚོ་གཞོན་སྐྱེས་རྣམས་ཀྱི་འོས་འགན་མ་ཡིན་ནམ།

༢ ཅི་ཡང་མེད་པའི་ཡུལ་གྱར་བ་ང་ཚོ་ནམ་ཞིག་རུས་ཀོང་སྤར་མོ་གང་དུ་འགྱུར་ངེས་པས།

མི་ལུས་བླངས་བའི་དན་རྟགས་ཙམ་ཅིས་ཀྱང་འཇོག་དགོས།

དེར་མ་ཟད། རྣམ་ཤེས་གྲངས་ལས་འདས་པས་ཀྱང་ང་ཚོ་ལ་འབོད་པ་གཏོང་བཞིན་མཆིས་པས།

སོས་དལ་བག་ཕེབས་ཀྱི་སྣང་བ་རྒྱང་རིང་དུ་སྤངས་ནས་ཕེབས་ཤོག་དང༌།

རང་ལ་དགོས་པའི་མི་ཚེ་ཡི་མདུན་མ་སོ་སོས་བསྐྲུན་ཆོག

༣ ངའི་འཇིག་རྟེན་ན་དཀར་ཆ་དང་བསུང་ངད་ལྡང་བའི་མེ་ཏོག་མེད་པ་བདེན་མོད།

དཀར་ཆ་དང་མེ་ཏོག་གི་མཚར་སྡུག་ཙམ་གྱིས།

འཇིག་རྟེན་ལ་ཡིད་ཏུ་འོང་བའི་སྤྲོ་སྣང་གི་མཚོན་རིས་བྱུགས་མི་ཐུབ་པས།

ན་ཟུག་དང་སྡུག་ཡུས་ཁུར་ནས་ཕེབས་ཤོག་དང༌།

མག་མགོ་གི་འཚོ་བ་ལ་བདེ་སྐྱིད་ཀྱི་བཀྲགས་མདངས་ང་ཚོས་སྤྲོ་ཆོག་པ་མ་ཟད།

རེ་སྨོན་དང་སྟོང་འདང་གི་གསལ་ཁ་ཡང་ང་ཚོས་བཏོད་ཆོག

རེ་བསྐུལ།

མིག་ཟུང་གྲངས་མེད་ཀྱི་བསུ་བ་དང་བཅས་ཏེ་སླེབས་སོང༌།

བཅོས་མིན་གྱི་འཛུམ་མདངས་མངར་མོས་ཀུན་ཡིད་ཚིམས་པར་མཛད།

རེ་སྨོན་ཡོད་ཚད་ཀྱི་སྣེ་ཁྲིད་ནས་སླེབས་སོང༌།

ཞི་དུལ་གྱི་སྤྱོད་བཟང་འཇམ་པོས་དྭངས་གཙང་གི་མཆི་མ་མིག་ནས་དྲངས།

ངའི་སྐྱབས་མགོན་ལགས།

མདུན་སྐྱོད་ལ་རྨོངས་པའི་ཁྱེད་ཀྱི་མི་རིགས་འདིས་དད་འདུན་དང་ཡིད་ཆེས་གཅིག་པོས་མི་ཚེ་སྐྱེལ་ན།

ང་ཚོར་དགོས་པའི་རང་དབང་སུ་ཞིག་གིས་གནང་ཡོང་ངམ།

ངས་དེ་རིང་ཁྱེད་ལ་སྡུག་ཡས་བརྗོད་འདོད་སྐྱེས།

ཁྱེད་ཀྱིས་གཟིགས་དང༌།

ལག་ཟུང་བགྲང་ལས་འདས་བའི་ཐལ་སྦྱར་གྱི་ཁྲོད་ན་ཅི་ཞིག་ལྷག་ཡོད་དམ།

འདི་དང་ཕྱི་མ། ཕྱི་མའི་ཕྱི་མར་ཡང་ཁྱེད་ལ་རེ།

རེ་སྨོན་དང་དད་འདུན་ཁོ་ནས་ཁྱེད་ཉིད་སྙིང་དབུས་སུ་བསྐྲུན།

ཕལ་ཆེར་རྩམ་གཟན་རེ་རེའི་སེམས་ཁོངས་ན་ཁྱེད་ཀྱི་དགྱེས་འཛུམ་རེ་དུས་རྟག་ཏུ་ལྷུག་ལྷུག་དགོད།

ལྷག་པར་ཁྱེད་ཀྱི་གསུང་དབྱངས་ཀྱི་ཆ་ཤས་རེ་རེས།

སྐྱེ་དགུའི་ཡིད་ལ་ཞི་བསིལ་གྱི་དགའ་སྟོན་བསྐྲུན་པ་ལས་བརྗོད་ལས་འདས།

འོན་ཀྱང༌། ཁྱེད་ཀྱི་མི་རིགས་ད་དུང་སད་དགོས་ངེས་ཀྱི་གཉིད་མཐུག་པོ་ལས་མ་སངས་ཤིང༌།

རེ་དོགས་ཀྱི་རྒྱ་རུ་ཚུད་ནས་མགོ་བོ་འཐོམས།

འདི་ནི་བཟོད་བསྲན་བྲལ་བའི་ན་ཟུག་ཅིག་རེད་ཨང༌།

ན་ཟུག་གི་ཀློང་ནས་མི་ལོ་བཞི་ཅུ་ཕྱིན་པ་ཡིན་མོད།

ཁྱེད་ཀྱི་སྙིང་སྟོབས་ཞུམ་མ་མྱོང་བར་ང་རང་ཁྱེད་ལ་དགའ།

གངས་ལྷའི་སྙིང་གཏམ།

ཁྱེད་ནི་གངས་རིའི་ངོས་སུ་བཞད་པའི་མེ་ཏོག་གངས་ལྷ་ཞིག

ཁྱེད་ཀྱི་ཚེ་སྲོག་གི་རྒྱུ་བ་ཕྲ་མོ་གངས་དཀར་ལྷ་མོའི་སྙིང་ཁར་འབྲེལ་ཡོད་པས།

གངས་རི་དཀར་པོ་ནི་ཁྱེད་ཀྱི་མ་ཡུམ་ཡིན།

ཁ་ཆར་བུ་ཡུག་གི་གདུག་རྩུབ་ཆེ་ས་ནས།

གངས་ལྷ་ཁྱེད་ཀྱི་ལང་ཚོའི་རྩ་བ་ཚུགས་ཤིང༌། བློ་སྟོབས་ཀྱི་འདབ་མ་བཞད་པས།

གངས་ལྷ་ཁྱེད་ཀྱི་སྐྱེས་སྟོབས་ལ་ཉམས་པ་གཏན་ནས་ཡོད་མི་སྲིད།

ཁྱེད་ཉིད་ཡུན་རིང་དཀའ་སྡུག་གི་འཚོ་བའི་ཁྲོད།

མངར་སྐྱུར་འདྲེས་མའི་ཚོར་བ་ལ་འདྲིས་ཆ་ཆེ་བས།

ཁྱེད་ཀྱིས་རང་གི་མདུན་ལམ་ལ་མུན་ནག་བསུས་མ་མྱོང༌།

དུས་རབས་ཤིག་གི་བར་མཚམས་ནས་ཁྱེད་ཀྱི་མ་ཡུམ་གངས་ལྗོངས་ལ།

སེམས་མེད་སྤྱང་ཚོགས་ཀྱི་འདུར་རྒྱུགས་རྒོད་པས།

ཁྲག་དྲོན་གྱིས་བྲིས་པའི་གཏམ་རྒྱུན་དམར་པོ་ཞིག་གི་མགོ་བརྩམས།

སྐབས་དེར་གངས་རིའི་སྲས་མོས།

སྐྱོ་གདུང་གི་མཆི་མ་ཁ་འབས་རྣམ་བཞིའི་ཟོལ་དུ་འཛིན་མའི་ཕང་བར་གཏོར་བ་མ་ཟད།

གངས་སེང་དཀར་མོའི་གཡུ་རལ་ཕབ་ནས་གཅོམ་ཆུང་གི་ཉམས་སྟོན་བཞིན་མཆིས།

ཡིན་ན་ཡང༌།

ཁྱེད་ཀྱིསཧབློ་ཕམ་གྱི་འདབ་མ་ས་ལ་མ་གཏོར་ཞིང་སྒྱུག་ལུག་གི་མགོ་ལྕོག་ཐུར་དུ་སྒུར་མ་མྱོང༌།

ཁྱེད་ཀྱི་མདུན་ན་ལོ་རྒྱུས་བདེན་དབང་གི་བྲག་རི་མཁའ་དང་བསྡེབས་ནས་ཡོད་པ་མ་ཟད།

རྣ་ལམ་དུ་འཛམ་གླིང་སུམ་ཆའི་ཁོར་ཡུག་དབང་སྒྱུར་བྱས་པའི་གྲགས་སྙན་གྱི་རོལ་མོ་ལྷང་ལྷང་དུ་གྲགས།

བློ་ཕངས་བ་ཞིག་ལ། ཐོབ་ཤོར་ལ་བརྩོན་ལེན་བྱེད་པའི་འཐབ་རྭ་ཞིག་ནས།

སྤྲེལ་སྲིན་གྱི་བུ་ཕྲུག་རྣམས་ཀྱིས་ཕམ་ཉེས་ཀྱི་མགོ་བོ་སྨད་ནས་རྗེས་ལུས་ཀྱི་གོམ་པ་འདེགས་བཞིན་མཆིས།

༩༨།༥།༤ ཉིན་རྡ་ས་ནས་བྲིས།

གངས་རིའི་ལང་ཚོ་བཀླགས་རྗེས་ཀྱི་མགྱོགས་བྲིས།

འཚོལ་སྙེག་གི་ཁྲོད་ནས་ཁྱོད་ཀྱི་མཚར་སྡུག་བསྒོམས་ཤིང༌།

བསམ་གཞིག་གི་ཁྲོད་ནས་གངས་རིའི་ལང་ཚོ་རྙེད།

ངའི་སེམས་ངོགས་ན་འཕྱོ་བའི་གངས་རིའི་བརྩེ་སེམས་དང༌།

ཁྱེད་ཀྱི་སྙིང་དབུས་ན་གསོན་པའི་གངས་རིའི་ལང་ཚོ་གཉིས་ཀྱིས།

ང་ཚོའི་ལམ་སྣེ་གཞི་གཅིག་ཏུ་བསྣོལ་འདུག་པས།

རིགས་ཞེན་གྱི་ཟུངས་ཁྲག་ལུད་པའི་རྒྱུན་ལམ་ན།

སྙན་ངག་པའི་ཚོར་འདུ་དང་བརྩེ་དུང་གསལ་ལེར་མངོན།

ངའི་ཚོད་དཔག་ནོར་བ་མིན་ན།

གངས་ལྗོངས་ནས་གྱར་བའི་ཁ་བ་ལྡོམ་པོ་བདག་ཀྱང༌།

ཁྱེད་ཀྱི་སྨྱུག་ཁ་ནས་བརྡོལ་བའི་རྨི་ལམ་ལ་འཇུས་ཏེ།

ཁྱེད་ཀྱི་རེ་སྙེག་ལ་འཚོལ་ཞིབ་བྱས་ལོས་ཆོག

མ་གཞི་ཁྱེད་རང་གངས་ཅན་མ་ཡུམ་ཚོའི་མགྲིན་ཚབ་ཅིག་སྟེ།

མ་ཡུམ་ཚོའི་སྐྱོ་གླུ་དབྱངས་སུ་གྱེར་བའི་གླུ་མ་ཞིག་ཀྱང་རེད།

དེ་བས་ཁྱེད་ཀྱིས་མ་ཡུམ་ཚོའི་དགའ་སྡུག་གི་འཚོ་བ་གཞས་སུ་དྲངས་ནས།

ཟླུམ་གཟུགས་གོ་ལའི་སྒང་ནས་ཤུགས་ཀྱིས་གྱེར་རོགས།

ཟླ་བ། ང་རང་ཁེར་རྐྱང་ཡིན།

དུང་ཟླའི་འོད་དཀར་དང་ལྷན་དུ་མཚན་མོའི་རྨི་ལམ་གཏོང་དུས།

དུང་ཟླའི་འཛུམ་ཟེར་ལ་མཆུ་འདབ་སྦྱར་ནས་བསམ་གཞིག་གི་ཀློང་རིམ་འགྲིམས།

ལྷ་མོའི་གཏམ་རྒྱུད་ནི་ངའི་སྨྱུག་རྩེ་ཡི་མཆི་མ་ཡིན་ན་ངའི་སྙན་ངག་གི་བླ་སྲོག་ཀྱང་ཡིན་པས།

དོ་དགུང་མཚམས་སྤྲིན་དབེན་པའི་མཚན་མོ་འདི་ལྟར་ལྷ་མོའི་གཏམ་རྒྱུད་ཀྱི་མངར་ཁ་མྱོང་ཆེད།

ངའི་དྲན་སྣང་གི་ཡིད་ཚོར་ཕྲ་མོ་བསིལ་འཇམ་གྱི་དྲི་བཞོན་དགའ་མའི་མགུལ་བར་འཁྱུད།

ངའི་གཏམ་རྒྱུད་ལ་སྐྱུར་དྲི་བྲོ་བའི་དོ་དགུང་ཁྱེད་ཀྱི་འཛུམ་ཟེར་དེ་ང་ལ་ཅི་འདྲའི་མཁོ་བ་ལ།

གྲངས་མེད་ཀྱི་སྐར་ཚོགས་ཚོམ་བུས་འཇིག་རྟེན་ལ་རྣམ་པར་བཀྲ་བའི་མཛེས་སྡུག་བསྐྲུན་ཡོད་ན་ཡང༌།

ངའི་སྐར་ཆེན་ཁྱེད་རང་དོ་དགུང་སྐར་མདའ་བཞིན་གང་དུ་འཕུར་སོང༌།

བསམ་བློ་ནང་དུ་བཀུག་དུས་གྲང་ཤུར་ཤུར།

མགོ་བོ་དགུང་དུ་བཏེགས་དུས་སྟོང་ལྷང་ལྷང༌།

མཚན་མོ་འདིར་ཁྱེད་རང་འབོལ་འཇམ་གྱི་གདན་སྟེང་དུ་རྨི་ལམ་གྱི་ཞིང་ཁམས་འགྲིམས་བཞིན་ཡོད་དམ། ཡང་ན།

ཉམ་ཆུང་ང་རང་ནང་བཞིན་བསིལ་ལྡན་གྱི་ཟླ་འོད་འོག་ཏུ་དྲན་གདུང་གི་རྨ་ཁ་ལག་པས་སྐྱོར་བཞིན།

ཡིད་འོང་གི་འཇིག་རྟེན་ཞིག་ལ་མིག་མདའ་འཕངས་ནས་བསྡད་ཡོད།

ང་ཚོས་ལུས་སེམས་དབྱེར་མེད་འདྲེས་ནས་མི་ཚེའི་གཏམ་རྒྱུད་མོག་མོག་ལ་ཁ་བྱས་བྲིས་ནས་བཟུང༌།

ཟླ་འོད་གསལ་བའི་མཚན་མོ་རེ་རེར།

ངའི་སེམས་ཀྱི་དྲན་ཤིང་ཧ་ཅང་བརྟན་ཞིང་ངའི་སྙིང་གི་འཕར་རྩ་ཧ་ཅང་མགྱོགས།

འོན་ཀྱང༌། ཁེར་རྐྱང་གི་ཁང་མིག་འདིའི་ནང་བདེ་སྣང་མེད་པའི་མཚན་མོ་རེ་རེ་ངས་འཁྱོལ་ཐུབ་བྲལ།

ཟླ་བ་སྔར་བཞིན་སྒོར་ཞིང་འོད་དཀར་ཀྱི་ཟེགས་མ་ནི་མེ་ཏོག་གི་ཚོམ་བུ་ལྟར་དགོད།

ངས་མཁའ་མཐའི་སྐར་ཚོགས་བཏུས་ནས་ཁྱེད་ཀྱི་ཟུར་མིག་སྒོམ་དུས།

སེམས་གཏིང་ལ་ཟུག་པའི་གྱེས་བྲལ་གྱི་ཚོར་བ་ཏེ་ཧ་ཅང་རྣོ་བ་དངོས་སུ་རྟོགས་སོང༌།

ཟླ་བའི་བྲང་གཞུང་ན་ཟླ་འོད་ལས་དཀར་བའི་སེམས་པ་ཞིག་ཡོད་ན།

ཟུར་མིག་གི་འོད་ཞགས་ངའི་ལུས་ལ་འཕེན་ཀྱང༌།

དེ་རིང༌། ངས་འོད་ཞགས་ཀྱིས་བཏང་བའི་ན་ཟུག་ལ་བཟོད་སྒོམ་བྱས་ནས་རེ་སྒུག་དང༌།

དྲན་གདུང་གི་རི་མོ་ཞིག་སེམས་ལ་འབྲི་དགོས་བྱུང༌།

རླུང་བུ་དལ་བར་ལྡང་བའི་ལམ་ཆུང་དེའི་གྲུ་ཟུར་ཞིག་ནས།

ང་ཚོས་སྙིང་གཏམ་གྱི་བུར་ཆང་འཐུང་ནས་མྱོས་པ་ཐོབ་པ་ནི་ཡལ་མེད་ཀྱི་ཟིན་བྲིས་ཡིན་པས།

ངས་མི་འདོད་བཞིན་རིན་ཐང་བྲལ་བའི་ཟིན་བྲིས་དེ་ནག་བསུབ་བྱེད་དགོས་བྱུང་ན།

དེ་ནི་ཇི་འདྲའི་ཡིད་ཕངས་དགོས་པའི་གནས་ཚུལ་ཞིག་རེད་ཨང༌།

ཟླ་བ་སྐར་ཚོགས་ཀྱིས་སྐོར་བའི་སྐབས་འདིར།

ང་རང་སྐར་ཆུང་ཞིག་ཏུ་སྤྲུལ་ནས་ཟླ་བའི་རུམ་ཁར་འཛུལ་འདོད་ཆེ་ཡང༌།

ཟླ་བ་ནི་གཞན་དབང་གི་སྤྲིན་ནག་གིས་དེད་ནས་གང་དུ་བཞུད།

ཁུ་སིམ་སིམ་གྱི་མཚན་མོར་ངའི་རེ་སྨོན་ཟླ་བར་བཅོལ་ནས་ཁྱེད་ཀྱི་འཇམ་ཤ་བསམ་དུས།

འགོག་ཐུབ་བྲལ་བའི་དྲན་གདུང་གི་ལྷ་བྱ་ཁྲུང་ཁྲུང་དཀར་མོ་ཁྱེད་ཀྱི་ཕྱོགས་སུ་འཕུར་སོང༌།

ངའི་སྙན་ངག་གི་གླིང་ཀན་ཁྱེད་ནི་མཚར་སྡུག་རྫོགས་པའི་མེ་ཏོག་སེར་ཆེན་དེ་ཡིན་པས།

ཁྱེད་མེད་པའི་ངའི་སྙན་དག་གི་གླིང་ཀ་ནི་ཆུ་མེད་ཀྱི་བྱེ་ཐང་དང་ཁྱད་པར་ཅི༌།

མིག་ཆུའི་ཁྲོད་ཀྱི་ཡུལ་གྱར་བ།

སེམས་པ་ཆུ་འཛིན་ལ་འཁྱུད་ནས་ཕ་ཡུལ་ལ་བསྐྱོད་དུས།

སྙིང་ལ་ཉར་བའི་སྙན་ངག་གི་སྦྲང་ཆར་བསིམ་མས།

དྲན་གདུང་གིས་སྐམ་པས་སེམས་པ་བརླན་ཞིང༌།

རྨི་ལམ་གྱི་བརྗོད་གཞིར་གྱུར་བའི་ཨ་མ་མཇལ་ཕྱིར།

སུས་ཀྱང་འགོག་ཐུབ་བྲལ་བའི་འདུན་པ་དྲག་པོ།

རི་ཆུ་གྲངས་མེད་ཀྱི་ཕ་རོལ་བརྒལ་མྱོང༌།

འདི་ལྟར། རེ་སྨོན་ཁོ་ནས་ལོ་ཟླ་བརྩེགས་མ་ཞིག་བསྐྱལ་ན་ཡང༌།

སྐྲ་ལོ་ལྷག་བསམ་གྱིས་བྱུགས་པའི་ཨ་མ་ནི་ཅི་འདྲའི་རྒྱང་རིང་གི་ཡུལ་ན།

༢ ཁྲུང་ཁྲུང་དཀར་མོ་ཟླ་འོག་ནས་འཕུར་བའི་མཚན་མོ་དེར།

དྭངས་གཙང་གི་མཚོ་འགྲམ་སྟོང་ལྷང་ངེར།

མཚན་ལྗོངས་ནི་དྲན་པའི་གསལ་འདེབས་ཡིན་པ།

ཁྱེད་དང་བྲལ་བའི་དོ་དགུང་མ་གཏོགས་ཤེས་མ་བྱུང༌།

ཟླ་བའི་འཛུམ་ཞལ་མཇལ་ཐེངས་རེར།

ཁྱེད་ཀྱི་གཤོག་འདབས་སུ་ངའི་དྲན་པ་སྐུང་ནས་གང་དུ་བཞུད།

ཚེ་འབར་སྒྲོན་མེ།

ཁྱེད་ཀྱིས་བེམ་པོ་གྲངས་མེད་ལ་ཚེ་སྲོག་གནང་ཞིང༌།

ལོ་རྒྱུས་ཀྱི་རྩིག་ངོས་སུ་ཟུངས་ཁྲག་དམར་པོའི་རི་མོ་ཕབ།

ཁྱེད་ཀྱིས་ལས་ཀྱི་མཐའ་ལ་ལྷུང་བའི་མི་རིགས་འདི་ལ།

སྔོན་བགྲོད་ཀྱི་ལམ་ཁ་གསར་གཏོད་མཛད།

ཁྱེད་ཀྱིས་བསིལ་ལྗོངས་ཀྱི་སྣང་བརྙན་གསོན་པོ་ཞིག

འཛམ་གླིང་གི་མིག་མདུན་ལ་ཐོལ་གྱིས་བསྐྲུན།

ཚེ་འབར་སྒྲོན་མེ། དེ་བས་ཁ་བ་རི་བའི་སྙན་ངག་པ་བགྲང་ལས་འདས་པའི་སྨྱུག་རྩེ་ན།

ཁྱེད་ཀྱི་སྙིང་སྟོབས་དང་ལྷག་བསམ་འཕུར་ཞིང༌།

མ་ཎིའི་འགྱུར་ཁུག་ཁྲོད་མི་ཚེ་ཟད་ལ་ཉེ་བའི་རྒས་ཁོག་ཡོངས་ཀྱི་གསོལ་འདེབས་ཀྱི་རླབས་རྩེ་ན།

ཁྱེད་ཀྱི་དད་འདུན་དང་ཡིད་ཆེས་བསྐྱོད།

ལྷག་པར་རང་རེའི་མི་རབས་གསར་བ་རྣམས་ཀྱི་སེམས་ཁོངས་ན།

ཁྱེད་ཀྱི་མཛད་རྗེས་དང་རེ་སྨོན་འབར།

ངའི་སེམས་ཁོང་ན་ནམ་ཡང་གསལ་བའི་ཚེ་འབར་སྒྲོན་མེ་སྟེ།

ཐུབ་བསྟན་དངོས་གྲུབ་ལགས། སྐར་མདའ་བཞིན་འཕུར་བའི་ཁྱེད་ཉིད།

མུན་ནག་གི་འཇིག་རྟེན་ལ་འོད་སྣང་སྤྲོ་མཁན་ཡིན་པས།

ངས་མཆི་མའི་མེ་ཏོག་གི་ཕྲེང་བ་ཁྱེད་ལ་གཏོང་ཞིང༌།

ཡིད་སྨོན་དར་དཀར་གྱི་ཁ་བཏགས་ཁྱེད་ལ་འབུལ།

བག་འཁུམས་དང་ཨ་ཚུགས་ཀྱི་མདུད་པ་གཅོད་པའི་དཔའ་རྒོད།

གཡོ་འཕྲུལ་དང་ཇུས་ངན་གྱི་བྲག་རི་གཏོར་བའི་ཐོག་མདའ།

རྨོངས་གཉིད་དང་ཆགས་ཞེན་གྱི་རྩ་ཕུང་བསྲེགས་པའི་མེ་རླབས།

ཁ་སང༌། ཁྱེད་ཀྱིས་རང་ལུས་ཕངས་པ་མེད་པར་ལྷོག་ལྷོག་འབར་བའི་མེ་ལྕེ་ཡི་ཀློང་དུ་བསྐྱུར་ནས།

གངས་ཅན་པའི་བདེན་དོན་དང་རེ་སྐུལ་གྱི་སྙན་ཚིག་གྱེར་བ་ནི།

ཅི་འདྲའི་དཔག་པར་དཀའ་བའི་བྱ་བཞག་ཅིག་རེད་ཨང༌།

མེ་དཔུང་དམར་པོས་ཁྱེད་ཀྱི་མི་ཚེ་ལ་མཇུག་བྱང་བྲིས་ཟིན་མོད།

ཁྱེད་ཀྱི་ཟོལ་མེད་པའི་ལྷག་བསམ་དཀར་པོ་དེ།

ནམ་ཡང་གངས་ཅན་པའི་སེམས་ལ་ཉར་ངེས་ཡིན།

༡༠།༢།༢༠༠༠ཉིན་བྲིས།

སྤྱང་ལྟོགས་ཀྱི་ཁ་ཟས།

གང་ལྟར་སྤྱང་ལྟོགས་མང་དྲག་པའི་ཁོར་ཡུག་ཅིག་ནས།

ཁྱེད་དང་ང་ལ་རང་དབང་གི་གོ་སྐབས་ཤིག་ཐོབ་དཀའ།

སྤྱང་ལྟོགས་རེ་རེའི་ཆེད་དུ་བཙན་རྫོང་རེ་རེ་དགོས་ལ།

བཙན་རྫོང་རེ་རེའི་ཆེད་དུ་རྔུལ་ཆུ་གྲངས་མེད་གཏོང་དགོས།

སུ་ཞིག་གི་ཧམ་སེམས་རྫོགས་དུས་ཁྱེད་དང་ང་ལ་ལམ་ཁ་རེག་ཟིན་མོད།

དུས་འགྱུར་ལ་རེ་སྒུག་བྱེད་པ་དེ་ནི།

ལྐུགས་པའི་རང་རྟགས་ཙམ་ལས་ཅི།

ད་ནི་བགྲོད་ལམ་ཕལ་བའི་ནང་གི་ཕལ་བ་དེ་འདེམས་ནས།

གང་ལྟར་སྤྱང་ལྟོགས་ཚོའི་ཁ་ཟས་སུ་འགྱུར་འོས།

ཨ་མ་དང་བུ་ཆུང༌།

ཨ་མ་ལ་ཕྱོགས་རིས་ཆེ་བས་རང་ཉིད་ཀྱི་བུ་ལ་གཞན་ལས་གཅེས།

ཨ་མ་ལ་མིག་སེར་ཆེ་བས་རང་ཉིད་ཀྱི་བུ་ཆུང་ཀུན་ལས་ལྷག།

ཨ་མ་ལ་བཟོད་བསྲན་མེད་པས་བུ་ཆུང་གི་རྒྱབ་ཏུ་མིག་ཆུ་ཤོར།

ཨ་མ་ལ་བློ་སྤོབས་མེད་པས་གྱེས་བྲལ་གྱི་སྡུག་བསྔལ་ཁུར་མི་ཐུབ།

ཨ་མ་ལགས། དཔྱིད་རླུང་ཁྲོད་འབུས་བའི་སྨྱུག་གསར་ལ།

བྱམས་ལྡན་མས་དྲོད་ཀྱིས་མ་བསྐྱངས་ན།

ཚེ་སྲོག་གིས་ཕྲ་བའི་ལྗོང་སྨྱུག་ལ།

ཡིད་འོང་གི་མེ་ཏོག་ཇི་ལྟར་བཞད།

༧།༡།༢༠༠༠ ཉིན་བྲིས།

མཇུག་བྱང༌།

ཟླ་འོག་ནས་གཏམ་རྒྱུད་འབྲི་གོམས་ཆགས་ནས་བཟུང༌།

ཟླ་བའི་ཟེགས་མ་བགྲང་ནས་སྐྱོ་ལྷང་ལྷང་ངང་མཚན་མོ་རེ་རེ་བསྐྱལ་མྱོང༌།

གནས་དེར་གསང་བ་མང་དྲག་པའི་དབང་གིས།

ང་ལ་རྨོངས་འཐོམས་ཀྱི་ཞྭ་མོ་དགུ་བརྩེགས་དེ་ཐོབ་ཅིང༌།

ཤེས་འདོད་ཀྱི་དྲན་གཞིག་བསྡམས་ནས་དཀའ་སྡུག་གྲངས་མེད་རྒྱབ་མྱོང༌།

ཡིག་དྲུག་གི་བཟླས་བརྗོད་ཁྲོད་དུ་མི་ཚེ་བོར་བའི་ཕ་མེས་ཚོས།

རིགས་ཞེན་བྲལ་བའི་མི་རབས་རྗེས་མ་ཚོར།

བསུབ་མེད་ཀྱི་མཛད་རྗེས་རྡོག་པོ་ཞིག་བཞག་ཡོད་ཀྱང༌།

སུ་ཞིག་ལམ་ཁ་དེར་བགྲོད་མྱོང་མེད་ལ།

སུས་ཀྱང་དེ་ནི་བདེན་དོན་ཀྱིས་གཏམས་པའི་བང་མཛོད་ཅིག་ཡིན་པ་རྟགས་མེད།

རེད་ཡ། འཁྱག་གྲང་གི་ཡུལ་གྲུ་དེ་ནས།

འོད་རླབས་འབར་བའི་ལོ་རྒྱུས་བྱུང་མྱོང་བ་ནི་སུ་ལའང་གསལ་མོད།

རེ་ཞིག་དུས་རིམ་གྱི་རླུང་འཚུབ་དྲག་པོས།

ང་ཚོ་ལ་ས་རྡུལ་འདྲེས་མའི་སྐྱོ་གར་ཅིག་བསྐྲུན་པ་མ་ཟད།

གནས་དེར་རང་དབང་གི་འཁྱུག་འགྲོས་ངོམས་མི་ཆིག་པའི་བཀའ་རྒྱ་བཏང་མྱོང༌།

ལོ་རྒྱུས་ལས་ཟུངས་ཁྲག་བཞུར་བའི་ཉིན་མོར།

གྲངས་མེད་ཀྱི་དཔའ་རྒོད་ཚོས་རེ་བ་ག་ཚོད་ཅིག་ང་ཚོར་བཅོལ་ཡོད་པ་ལ་ཨང༌།

མི་རབས་གསར་བ་ཚོས་ཟུངས་ཁྲག་དེ་མཛེས་ལྡན་གྱི་ཚོན་ཁྲར་ནོར་བ་མིན་ན།

མིག་ཟུང་གདངས་ནས་འདི་ལྟར་བྲོ་གར་འཁྲབ་མི་སྲིད།

ང་ཚོས་ཐམས་ཅད་བོར་ནས་འདི་ལྟར་འཚོ་བ་འོས་སུ་མ་མཆིས་ཀྱང༌།

རང་མགོ་བོར་ནས་རང་ལུས་སྐྱོངས་བ་དེ་དེང་རབས་ཀྱི་དཔེ་གསར་ཡིན་པས།

གངས་ཁྲོད་ནས་འཐོར་བའི་ང་རང་གང་འདོད་དུ་འཚོ་ཆོག་པ་ལ།

ཡིན་ཡང༌། ཤུལ་དུ་ལུས་བ་ནི།

མི་རིགས་ཤིག་གི་རླབས་ཆེན་གྱི་ལོ་རྒྱུས་ལ་མཇུག་བྱང་བྲིས་པ་དེ་ཁོ་ན་ཡིན།

བདག་དང་སྦྲང་ཆར།

སྦྲང་ཆར། སོས་ཀའི་ལང་ཚོ་ལ་མཚར་སྡུག་སྣོན་པའི་འཆོར་གོས་ཡིན།

ཚེ་སྲོག་གི་ཕྲ་བའི་ལྗང་སྨྱུག་ཁོ་ནའི་ཆེད་དུ།

ཁྱེད་རང་ཇི་འདྲའི་བབ་ཆགས་དང་ཁུ་སིམ་ངང་ཕེབས་མྱོང་བ་ལ།

ཁ་དོག་རྣམ་པར་བཀྲ་བའི་དབྱར་དུས་སུ།

ཁྱེད་ཀྱི་བསིལ་འཇམ་གྱི་བྱིལ་བྱིལ་དེས་ང་ལ་བྱམས་བརྩེ་གནང་མྱོང༌།

སྦྲང་ཆར། སིམ་སིམ་ངང་འདི་རུ་ཕེབས་དུས།

ཚ་གདུང་གིས་མནར་བའི་ན་གཞོན་ཕོ་མོ་ཚོ་ལ།

ཁྱེད་ཀྱིས་སྨྲ་བརྗོད་བྲལ་བའི་བདེ་ཚོར་ཞིག་སྤྲད་ཡོད་པ་ནི།

འཚོ་བ་ལ་བདེ་སྐྱིད་བསྐྲུན་རེ་ཆེ་བའི་ཁོ་ཚོར་མཚོན་ན།

ཇི་འདྲའི་རིན་ཐང་བྲལ་བ་ཞིག་རེད་ཨང༌།

སྦྲང་ཆར། ཐལ་རྡུལ་ཁྲོད་ལང་ཚོ་རྙེད་པའི་ང་རང༌།

འདི་ལྟར་འགྲེངས་ནས་ཁྱེད་ཀྱི་བརྩེ་བའི་མངར་ཁ་མྱོང་དུས།

ད་གཟོད། ཁྱེད་ནི་ངའི་དགའ་མ་ཉག་གཅིག་ཡིན་པ་རྟོགས།

ཁྱེད་རང་སྤྲིན་ནག་གི་བཙོན་རྭ་ནས་ཤོར་ཏེ་མི་ཡུལ་ལ་ཕེབས་དུས།

ཁྱེད་ལ་རེ་བ་དང་འདུན་པ་ག་ཚོད་ཡོད་པ་སུས་ཀྱང་རྟོགས་མི་སྲིད་ཀྱང༌།

ཁྱེད་རང་ཕེབས་པའི་ཉིན་མོ་དེར། ང་ལ་ཐོབ་པ་ནི་གཞིག་མེད་ཀྱི་ཚོར་འདུ་ཟམ་མོ་ཞིག

ཁ་བ་རི་བའི་ཚེ་སྲོག།

ཁྱེད་ནི། གཞིས་ལུས་བོད་རིགས་ཡོངས་ཀྱི་སེམས་ངོགས་སུ་འཚེར་བའི་ལྷ་ཟླ་དཀར་པོ་ཡིན་ལ།

ཁྱེད་ནི། ཡུལ་གྱར་རྨོངས་འཐོམ་ཀུན་གྱི་བསམ་གཞིག་ལ་འཁྱུད་པའི་འདུན་པ་ཡིན།

ཁྱེད་ནི། ལོ་ཆུང་སོ་དཀར་རྒན་རྒོན་ཚོའི་མ་ཎིའི་ཟློས་བརྗོད་ལས་མཆེད་པའི་ཚེ་སྲོག་ཡིན་ལ།

ཁྱེད་ནི། སྤྲིན་དཀར་བཞིན་གངས་ལྗོངས་ཀྱི་མཁའ་དབྱིངས་མཛེས་པའི་བརྒྱན་ཆ་ཡིན་ལ།

སྒྲོན་མེ་བཞིན་མགོ་འཐོམས་ཀྱི་མུན་པ་འཇོམས་པའི་འོད་དཀར་ཡང་ཡིན།

ཁྱེད་ནི། ནུབ་ཁའི་མཚམས་སྤྲིན་ལ་སེམས་པ་ཤོར་བའི་ཡུལ་གྱར་བ་ཞིག་གི་ཚེ་སྲོག་ཡིན་ལ།

ཁྱེད་ནི། ཁྲུང་ཁྲུང་བཞིན་འཕུར་ཞིང་ཁུ་བྱུག་བཞིན་གྲགས་པའི་དབྱར་གྱི་ལང་ཚོ་ཡིན།

ཁྱེད་ནི། འཛམ་གླིང་ཁོར་མོ་ཡུག་ལ་ཞི་བདེའི་ཟེགས་མ་སྤྲོ་བའི་རླབས་ཕྲེང་ཡིན།

ཁྱེད་ནི། འཛམ་གླིང་གི་མཐོ་སར་བཞད་ཅིང༌། འཛམ་གླིང་གི་མཐོ་སར་མཛེས་པའི་གངས་རྒྱན་མེ་ཏོག་ཡིན་ལ།

ཁྱེད་ནི། འཛམ་གླིང་གི་གང་སར་ཁྱབ་པའི་དྲི་བཞོན་སྒེག་མོ་ཡིན།

ཁྱེད་ནི། ལོ་རྒྱུས་ཀྱི་ཁུག་པ་ནས་བདེན་དོན་གྱི་ངར་སྐད་སྒྲོག་བའི་གངས་སེང་དེ་ཡིན་ལ།

ཁྱེད་ནི། དུས་ཡང་གངས་ཅན་པའི་སེམས་ན་གནས་ཤིང་སྙིང་ནས་གུས་པའི་མགོན་སྐྱབས་ཡིན།

བདེ་མོ། སྙིང་སྡུག།

བདེ་མོ། དུས་ཚོད་ཀྱི་འཁོར་སྐྱོད་འདི་ལྟར་ཡིན་ན།

ང་རང་ཁུ་སིམ་སིམ་གྱིས་བགྲོད་པ་ལས་ཐབས་ཤེས་ཅི།

ཁྱེད་ཀྱིས་འཁྱག་ཤུར་ཤུར་གྱི་སེམས་པ་བསྡམས་ནས་ང་ལ་བསྐྱལ་མ་མཛོད་དང༌།

ལག་གཡུག་གི་བར་ནས་མཆེད་པའི་བྲལ་ཁའི་དུང་སེམས་གཅིག་པོ།

ང་དང་ཁྱེད་ལ་དབང་བའི་འདེམ་ཀ་ཉག་གཅིག་ཡིན།

བདེ་བར་བཞུགས་དང༌། དུས་ཚོད་ཀྱི་ཁུག་པ་གཅིག་ནས་ང་ཚོ་སླར་ཡང་མཇལ་ཡོང༌།

ཁྱེད་མེད་པའི་ཉི་མ་རེ་རེ་ནི། བགྲང་མི་ཚར་བའི་ལོ་ཟླའི་བརྩེགས་མ་ཞིག།

ང་ལ་བཞག་པའི་དྲན་གདུང་དེ་ཡང་འགྲེལ་བཤད་བྲལ་བའི་དྲི་ཚིག་ཅིག་ཡིན།

ཉིན་དེར་ངེད་གཉིས་ཀྱིས་བདེ་སྐྱིད་ཀྱི་གྲོང་ཁྱེར་ཞིག་བསྙེགས་མྱོང༌།

དེ་རིང་ཁྱེད་ཀྱི་ལྗིད་ཏིག་ཏིག་གི་གོམ་ཁ་ལས།

ངས་ཁྱེད་ཀྱི་སེམས་ནང་གི་སྡུག་ཡས་ཚོར་ཐུབ་ན་ཡང༌།

འདི་ལྟར་དུས་ཚོད་ཀྱིས་ལག་པས།

ང་རང་རྒྱང་བཞུད་ཀྱི་རླུང་འཁོར་དེའི་ནང་བཅུག་ནས་འཁྱེར་སོང༌།

དེ་བས། ཁྱེད་ཀྱི་མིག་ཆུ་དེས་ང་ལ་བཞག་པའི་དྲན་གདུང་ཧ་ཅང་ལྕི།

ཧ་ཅང་ལྕི།

མཐོ་སྒང་གི་གཡག་རྒོད།

རྙོག་འཛིང་གི་འཇིག་རྟེན་འདི་ནས་ཅི་ཡང་མ་རྙེད་པའི་འཁྱམ་པོ་གྲངས་མེད་ཀྱིས།

མཐོ་སྒང་གི་ཆག་གྲུམ་ལ་མ་བཟོད་པའི་ངར་སྐད་དྲག་པོ།

སོ་སོའི་སེམས་ཁོངས་ལ་ཉར་ཞིང་སེམས་གཏིང་ནས་སྒྲོགས་བཞིན།

དུས་རབས་ཉེར་གཅིག་གི་འོད་རླབས་འབར་བའི་ལམ་ཁར་བསྙེགས།

རེད་ཡ། ད་ལྟའི་བར་དུ་འདི་ལྟར་རེ་བསྙེགས་ཀྱིས་བསླུས་པའི་ང་ཚོ།

ཡང་བསྐྱར། བགྲོད་མྱོང་བའི་ལམ་ཁར་ཞུགས་དགོས་པ་ཨེ་རེད།

ཉིས་སྟོང་ནི་ཁ་སང་གི་དེ་རིང་ཡིན་ལ།

ཁ་སང་གི་ཁྲག་དྲོན་ལ་ཚེ་སྲོག་མ་རྒྱས་ན།

ང་ཚོ་མཐོ་སྒང་ནས་འཚར་ཞིང་མཐོ་སྒང་གི་བདག་པོ་ཡིན་པ་ངོ་གནོང་གི་གནས་ལས་ཅི།

སུས་ཞིག་གིས་ལག་ཟུང་བསྒྲེངས་ནས་སྔོན་དུ་བསྐྱོད་ཐུབ་ན།

དེ་ནི་མཐོ་སྒང་གི་གཡག་རྒོད་ཡིན་ལ་མཐོ་སྒང་གི་དཔལ་བོ་ཀྱང་ཡིན།

དེ་ནི་གངས་ལྗོངས་ཀྱི་རེ་བ་དང་ལས་འགན་ཀྱང་ཡིན།

༢༠༠༠།།༣ ཉིན་བལ་ཡུལ་ཀྱི་རྒྱལ་ས་ཀ་ཐ་མན་ཀྲི་ནས།

མཚན་ལྗོངས་ནས་འདི་ལྟར་སྐྱོ།

༡ ཁྱེད་ལ་ཡུན་རིང་སྒུག་མཐར་འཁྱམ་པོ་བདག་འགྲོ་དགོས་བྱུང༌།

ས་སྲོད་ཀྱི་ལྷགས་རླུང་དེས་ང་ལ་བཞག་པའི་དྲན་ཚོར་ཧ་ཅང་རྩུབ་ན་ཡང༌།

རེ་ཞིག་ཁྱེད་ཀྱི་འཛུམ་ཞལ་དང་ངའི་ཞེན་ཆགས་མཉམ་དུ་བཞག་ནས།

རྒྱང་རིང་གི་ཡུལ་གྲུ་ཞིག་ཏུ་ཕྱིན་པ་ཡིན།

གལ་སྲིད་ཁྱེད་ལ་འོ་མ་ལས་དཀར་ཞིང་སྦྲང་རྩི་ལས་ཞིམ་པའི་སེམས་པ་དེ་ཡོད་ན།

ངས་ཁྱེད་ལ་བཞག་པ་ནི་འབྱུང་བཞིས་བརླག་པར་མི་ནུས་པའི་བརྩེ་སེམས་དེ་ཡིན།

ཁྱེད་ནི་ཤར་ཡང་ཆོག་ལ་ཡལ་ཀྱང་ཆོག་པའི་སྐར་ཆེན་དེ་ཡིན་པས།

མུ་མེད་ཀྱི་མཁའ་དབྱིངས་འདིར་ངས་ཁྱེད་རང་ཇི་ལྟར་རྙེད་ཐུབ།

ཁྱེད་ཁོ་ན་ངའི་འཇིག་རྟེན་ཡིན་ལ་ཁྱེད་ཁོ་ན་ངའི་བདེ་སྐྱིད་ཡིན།

དེང་འདིར་ང་ལ་འཇིག་རྟེན་མེད་ལ་བདེ་སྐྱིད་ནི་དེ་ལས་ཀྱང་ཡོད་མི་སྲིད་ཀྱང༌།

ངས་ཁྱེད་ཀྱི་ལྷད་མེད་པའི་བརྩེ་བ་དེ་བསམ་ནས།

རི་རབ་ལྟར་ལྕི་བའི་དྲན་གདུང་ལྡོག་པོ་དེ་ཁུར་ནས་བསྡད་ཡོད།

༢

བག་ཆགས་ཤིག་གིས་ཁང་མིག་གི་སྒེའུ་ཁང་བརྒྱུད་ནས།

སྟོང་བའི་མཁའ་དབྱིངས་སུ་ཐེངས་ག་ཚོད་བལྟས་མྱོང་བ་དེ།

ང་རང་ཁོ་ན་མ་གཏོགས་སུས་རྟོགས་ཐུབ།

བསམ་བློའི་འཆར་སྒོ་དང་དོན་ལྡན་གྱི་འཆར་གཞི་གང་ཡང་མེད་པའི་ང་རང་ལ་མཚོན་ན།

ཁྱེད་ཀྱི་མདུན་དུ་ཅི་འདྲའི་རིན་ཐང་ཆུང་བ་ལ།

འོན་ཀྱང༌། ཁྱེད་ཀྱིས་འདི་ལྟར་བཅོས་མིན་གྱི་བརྩེ་བ་དེ་ཕངས་མེད་ཀྱིས་སྤྲད་དོན་ཅི།

བསམ་གཞིག་གི་ར་བ་ལས་ཡོངས་སུ་རྒལ་བའི་གཏམ་རྒྱུད་གསར་བ་དེ་ལ།

ངས་འགྲེལ་བཤད་ཅི་ལྟར་རྒྱག་དགོས་སམ།

རེ་དོགས་ཀྱི་དྲ་རྒྱ་བཅད་ནས་ཁྱེད་ཀྱི་གཤིས་བཟང་གི་མངར་ཁ་སྙིང་ནས་མྱོང་གལ་ཆེ་ཡང༌།

རེ་ཞིག་རྒྱང་རིང་གི་ཡུལ་འདི་ནས།

ཁྱེད་ཀྱི་གཏམ་རྒྱུད་ཀློག་བཞིན་མཚན་མོ་རེ་རེ་ཅི་འདྲའི་འཁྱོལ་དཀའ་བ་ལ།

༣

ལྷིང་འཇགས་ཀྱི་མཚན་མོ་མང་པོར།

ཐ་མག་དང་བསམ་གཞིག་མཉམ་དུ་རྔུབ་བཞིན་ཁྱེད་ཀྱི་སྙིང་གཏམ་སྐྱོར་མྱོང༌།

ཞིང་ཁམས་དེ་ནས་ཁྱེད་ལ་ལང་ཚོའི་མེ་ཏོག་བཞད་པ་ངའི་ཆེད་དུ་མ་ཡིན་ཡང༌།

དེང་འདིར་ཁྱེད་ཀྱི་སྙིང་དབུས་ཀྱི་ཟེའུ་འབྲུ་ལ་འཁོར་བའི་སྦྲང་ཆུང་དེ་ང་རང་ཡིན་དོན་ཅི།

མ་གཞི་མི་ཚེའི་འགྱུར་འགྲོས་ནི་སུས་ཀྱང་བློ་ཐག་ཆོད་པ་ཞིག་མ་ཡིན་པས།

འདི་ལྟར་བྲལ་གདུང་གི་སྐྱོ་ངལ་དང༌།

ལྷན་འཛོམས་ཀྱི་དགའ་སྤྲོ་རེས་མོས་མྱོང་བའི་ཟློས་གར་ཞིག་འཁྲབ་བཞིན།

ཆ་སྙོམས་མིན་པའི་འཇིག་རྟེན་དེ་འགྲོ་དགོས།

ཆེས་ཐག་རིང་ས་ནས་ཁྱེད་རང་འདིར་ཕེབས་དུས།

ཆེས་སྐྱོ་ས་ནས་བདག་དང་འཕྲད་པ་ཡང་སུས་བཀོད་སྒྲིག་ཡིན་ནམ།

ས་སྲོད་ཀྱི་སེམས་འཕྲིན།

ཨ་མ་དྲན་པའི་དབང་གིས་མིག་ཟུང་མཁའ་མཐར་བསྲིངས།

ཉི་མ་ནུབ་རིར་ཡལ་བའི་ས་སྲོད་ཀྱི་དུས་འདིར།

དམར་སེར་ཚོན་མདངས་བཀྲ་བའི་ཆུ་འཛིན་ཕོན་པོ་འགའ།

ཡུལ་འཁྱམ་པའི་དྲན་གདུང་ལ་སྣོན་མ་འདེབས་བཞིན་དལ་བར་བསྐྱོད།

སྙན་ངག་པའི་སྨྱུག་རྩེ་ནས་བཞུར་བའི་གྱེས་བྲལ་གྱི་སྙན་ཚིག་རློན་པ།

ལོ་ཟླའི་འགྱུར་ཁུག་ཁྲོད་སྐམ་པའི་ཁུར་མཚོས་བརྒྱུད་ཅིང༌།

སླར་ཡང་ན་ཟུག་གི་ཚོར་བ་རྣོ་བའི་སྙན་ངག་པའི་སེམས་ལ་ལྷུང༌།

འདི་ལྟར། ཧ་ཅང་དལ་བའི་དུས་ཚོད་ཀྱི་གོམ་ཁ་ནས་ལུས་བའི་ང་རང༌།

ན་ཟུག་དང་དྲན་གདུང་ཁོ་ནས་ཨ་མའི་འཛུམ་ཞལ་སྒོམ་བཞིན།

རྒྱང་རིང་གི་ཡུལ་གྲུ་འདི་ནས་རང་ཉིད་རང་གིས་བཅོམ།

སྙན་ངག་གི་ཞིང་ཁམས་ནས་ཨ་མའི་བྱམས་བརྩེ་འཚལ་མྱོང་མཁན་ཞིག་ལ་མཚོན་ན།

ཨ་མ་ནི། སྙན་ངག་པའི་སྙིང་ན་གཏན་དུ་གྱེར་བའི་སྙན་ངག་ཡིན།

བསུབ་མེད་ཀྱི་ལོ་རྒྱུས།

ལོ་རྒྱུས་ཀྱི་རྨ་ཁ་ནས་ཆགས་འཇིག་གི་ཟུངས་ཁྲག་བཞུར་བའི་ཉིན་མོར།

ཁྱེད་ཀྱི་ལང་ཚོའི་མཚར་སྡུག་ཉམས་ཤིང་སྐྱོ་སྡུག་གི་སྤྲིན་ནག་འཁྲུག་དུས།

རྔུལ་ཆུ་དང་མིག་ཆུའི་འབབ་རྒྱུན་དྲག་པོས་ཁྱེད་ཀྱི་རེ་བ་དང༌།

འདུན་པ་ཁྱེར་ནས་བགྲོད་མཚམས་བཞག་མ་མྱོང་ལ།

སྤོབས་པ་དང་ལ་རྒྱའི་རྩལ་དྲུག་རྒྱས་པའི་གངས་ཕྲུག་ཚོས།

ཁྱེད་ཀྱི་རྨ་ཤུལ་ནས་ཁྱེད་ཀྱི་རླབས་ཆེ་བའི་ལོ་རྒྱུས་ཀྱི་དབང་བོ་རྙེད་དེ།

དུས་རབས་གསར་བའི་འདིའི་དཀྱོག་མཚམས་ནས་བདེན་དོན་གྱི་ངར་སྐད་དྲག་ཏུ་སྒྲོག

ཡབ་མེས་རྣམས་ཀྱིས་བཞག་པའི་བསུབ་མེད་མཛད་རྗེས་ཀྱི་རི་མོ།

སེང་ཕྲུག་རེ་རེའི་སེམས་ཁོང་དུ་གསལ་ཞིང་མཛེསསྡུག་བཀྲ།

ནམ་ཞིག། བདེན་དོན་གྱིས་གཏམས་པའི་ལོ་རྒྱུས་དེ་སླར་ཡང་གསོན་དུས།

ང་ཚོར་ཐོབ་པ་འོད་ཟེར་གཅིག་པོ་ག་ལ་ཡིན།

ལ་ལས་ཁྱེད་ཀྱི་དམིགས་འབེན་ནི།

མུན་ནག་དང་ཀླ་ཀློའི་དུས་རབས་ལ་ཚེ་སྲོག་སྦྱིན་པ་དེ་ཡིན་ཟེར།

ལོ་རྒྱུས་ཀྱི་བཞུར་རྒྱུན་རིང་མོའི་ཁྲོད།

ང་ཚོ་ལ་གཞན་ལས་ལྷག་པའི་ཀླ་ཀློ་དང་མུན་ནག་གི་དུས་སྐབས་བྱུང་མྱོང་མེད།

བདུན་རྩི་དུག་དུ་མཐོང་བའི་ཁོ་ཚོར་བདེན་དོན་ལ་ཡིད་ཆེས་ཡོད་མི་སྲིད།

ཁོ་ཚོས་བདེན་དོན་ནི་མེ་མདའ་ཡིན་པས་ང་ཚོའི་མདུན་ལམ་ལ་མཁོ་བ་ཡང་དེ་ཉིན་ཡིན།

ལོ་རྒྱུས་ལ་ནག་བསུབ་བྱེད་འདོད་མེད་པ་ཡིན་ཡང་ལོ་རྒྱུས་ལ་འགྱུར་བ་ཡོང་སྲིད།

དེ་བས་ང་ཚོས་བསུབ་མེད་ཀྱི་ལོ་རྒྱུས་ལ་རྒྱབ་བརྟེན་བཅོལ་ནས།

ལོ་རྒྱུས་གསར་བ་ཞིག་བསྐྲུན་དགོས་པ་མ་ཡིན་ནམ།

འཆི་མེད་ལ་ཕུལ།

ཁྱེད་ཀྱིས་རྙེད་མ་མྱོང་བའི་ལྷད་མེད་ཀྱི་བརྩེ་བ་དང་ཡུན་འདྲིས་ཀྱི་ཕྱི་ཐག་དེའི་ཆེད་དུ།

རང་གི་གསོན་སྙིང་ཕྱི་རུ་བཏོན་ནས་སེམས་གཏིང་ལ་སྦས་པའི་སྙན་ངག་ཤུགས་ཀྱིས་གྱེར་མྱོང་ན་ཡང༌།

ཡ་ང་སྙིང་རྗེ་མེད་པའི་འཇིག་རྟེན་དེས་ཁྱེད་ལ་བཞག་པ་ནི་དྲན་གདུང་དང་མིག་ཆུ་ཁོ་ན་རེད།

རླུང་ལྟར་རྒྱུ་བའི་སེམས་འགྱུ་དེའི་དབང་གིས་ཁྱེད་ལ་འགྱུར་མེད་ཀྱི་བརྩེ་སེམས་ཕུལ་མཁན་མ་བྱུང་བས།

སྐབས་དེར་ཁྱེད་ཀྱིས་རང་ཉིད་ཀྱི་སེམས་པ་ལྟར་མཛེས་པའི་མཆུ་འདབ་བཙུམ་ཞིང༌།

བརྗོད་འདོད་ཀྱི་སེམས་གཏམ་ཡོད་ཚད་བཙན་གྱིས་མནན་ནས།

གས་ཆག་ཏུ་ཤོར་བའི་སྙིང་དབུས་ལ་ན་ཟུག་གྲངས་མེད་བཟོས།

མཚན་མོ་རེ་རེ༌། འཕྲུལ་སྣང་དང་སྟོང་འདང་གིས་བསླུས་བའི་ན་གཞོན་མང་པོ།

བསླུ་བྲིད་ཀྱི་ཕྱི་གོས་གྱོན་ནས་ཟློས་གར་གང་མང་འཁྲབ་མྱོང་བས།

ཨ་རག་ལས་བཟི་ཁ་བཙན་པའི་སྙིང་གཏམ་དེ་མ་གཞི་ནས་འགྲེལ་བཤད་བྲལ་བའི་གབ་ཚིག་ཅིག

མདའ་མོ་འབེན་ལ་ཟུག་དུས། དབུ་མནའ་བཞེས་མྱོང་བའི་ཁྲམ་པ་མང་མོད།

ཉིན་མོར་དེར། ཁོ་རང་བཞུད་ཤུལ་དུ་ཁྱེད་ཀྱི་སྙིང་ལ་ཟུག་པའི་དུག་མདའ་དེ་བརྗེད་མི་རུང༌།

རེ་སྨོན་དང་སེམས་ཚོར་ཟབ་པའི་གཞས་ཆུང་དེ་དགུ་ཆུའི་རླབས་རྩེ་ནས་འཕུར་བཞིན་པ་རྟོགས་ཡོད་ན།

ཁྱེད་ཀྱི་གཏམ་རྒྱུད་གཞན་ཞིག་གི་གླེང་གཞི་ཅིས་ཀྱང་འཚོལ་དགོས།

ཁོའི་ཆེད་དུ་ཁྱེད་རང་འདི་ལྟར་མི་ཁ་དང་དཀའ་སྡུག་གིས་རྩུབ་པའི་ལམ་ཁ་དེར་བགྲོད་ཐུབ་ན།

ཁྱེད་ཀྱི་གཏམ་རྒྱུད་ནང་ཐོབ་ཟིན་པ་ལས་ཤོར་ཟིན་པ་མང་ལ་ངས་ཚིག་ཐག་བཅད་ནས་བརྗོད་ཐུབ།

ཡིན་ཡང༌། འཇིག་རྟེན་ནི་ཡངས་ཤིང་རྒྱ་ཆེ་ལ་འཚོ་བ་ནི་ཚོན་མདངས་རྣམ་པར་བཀྲ་བ་ཞིག་ཡིན་པའི་གཏན་ཚིགས་རྟོགས་ན།

རང་ཉིད་ཀྱི་མདུན་དུ་སྡུག་ཡས་ཀྱི་མུན་ནག་སྟུག་པོ་ཡོད་པ་ཤེས་བཞིན་དུ།

ད་ནི་པུས་མོ་བཙུགས་ནས་ཞུ་བ་འཐེན་དགོས་དོན་གཏན་ནས་མེད།

མཚནལྗོངས་ནས་ངའི་སྨྱུག་གྲོགས་གྲངས་མེད་ཁྱེད་ལྟར་སྐྱོ་མྱོང་ལ།

མིག་ཆུ་སྨྱུག་རྩེ་དྲངས་ནས་སེམས་གཏིང་གི་སྙན་ངག་བྲིས་མྱོང་བར་མ་ཟད།

སྐར་ཚོགས་བགྲང་ནས་ལྷན་འཛོམས་ལ་རེ་སྒུག་བྱས་ཡོད་པ་ལ་ཨང༌།

འོན་ཀྱང༌། ཁོ་ཚོར་མཚོན་ན་མདུན་དུ་ལྷགས་པ་ནི་རབ་རིབ་ཀྱི་སེམས་ཚོར་ཞིག་དང༌།

བཟོད་བསྲན་བྲལ་བའི་ན་ཟུག་ལྕི་མོ་ཞིག

དེ་རིང་ཁྱེད་ཉིད་སྙན་ངག་གིས་བཟི་ནས་སླར་ཡང་གཙང་འགྲམ་ལ་སླེབས་དུས།

ཁྱེད་ཀྱི་བླ་སྲོག་ཡང་བསྐྱར་དགུ་ཆུའི་རླབས་ཕྲེང་གིས་ཁྱེར་ཞིང༌།

ཝུ་དཀར་གྱི་རྡོག་པོ་རེ་རེས་ཁྱེད་ཀྱི་རེ་བ་ག་ཚོད་ཆུ་གཞུང་ལ་ཁྱེར་ནས་ཡལ་མེད་དུ་བཏང་མྱོང་བ་ལ།

ཁྱེད་རང་བུད་མེད་ཡིན་པས་ཁྱེད་ཀྱི་སེམས་པ་ཧ་ཅང་གཉོམ་འོས་མོད།

ཁྱེད་ཀྱི་མདུན་དུ་ཕམ་དུ་པའི་ཕོ་རྒོད་དེ་དག་ཁྱེད་ཀྱིས་གཏན་ནས་མཐོང་མྱོང༌།

སྙན་ངག་པ་གྲངས་མེད་ཀྱིས་སྐྱོ་གདུང་དང༌། སེམས་ངལ།

འཕྱ་དམོད་ཀྱི་ཐེག་ཚོད་ཅིག་ཁུར་ནས་བགྲོད་མྱོང༌།

ང་ཚོས་ད་དུང་བགྲོད་མྱོང་བའི་ལམ་རྙིང་དེ་འདེམས་བཞིན་སེམས་ཀྱི་གླུ་ཆུང་གཙང་འགྲམ་དུ་གཏོར་ན།

དེ་ནི་རང་ཉིད་ཀྱི་མདུན་དུ་སྔོན་འགོག་གི་ལྕགས་རི་བརྩིགས་པ་མ་ཡིན་ནམ།

དེ་བས་ཁྱེད་ཀྱིས་གང་ན་འོད་སྣང་ཡོད་ན་དེ་ལ་གོམ་པ་རྒྱག་གལ་ཆེ།

ཁྱེད་ཀྱི་བསམ་གཞིག་གི་ལྗོན་ཤིང་སྣུམ་པོ་ལ་ཞི་འཇམ་གྱི་མེ་ཏོག་བཞད་འདོད་ཆེ་བའི་ང་རང༌།

ཁྱེད་ཀྱི་སྙན་ངག་ག་འཐུང་ནས་ཁྱེད་ཀྱི་སེམས་པ་འཁྱུད་མྱོང་བས།

ཁྱེད་ཀྱི་ལྷད་མེད་དྭངས་གཙང་གི་སེམས་པ་ལ་རྨ་ཁ་ཡོད་པ་རྟོགས་ཡོད།

འོན་ཀྱང༌། ཁྱེད་ལ་བློ་རྒྱ་ཡོད་ན་ཁྱེད་ལ་ལམ་ཁ་ཡོད་ངེས་ལ།

ཁྱེད་ལ་འགྱུར་མེད་བརྩེ་དུང་གི་ས་བོན་ཡོད་ན།

ཁྱེད་ཀྱི་འཚོ་བ་ལ་བདེ་སྐྱིེད་ཀྱི་ལོ་ཏོག་ཡང་དུས་རྟག་ཏུ་རྒྱས་ངེས་ཡིན།

༡༦།༤།༢༠༠༡ མཚན་མོར་འཆི་མེད་ཀྱི་སྙན་ཚིག་ཚན་པ་གཅིག་བཀླགས་རྗེས་ལན་འདེབས་ཀྱི་ཚུད་དུ་བྲིས་པ།

འདི་སྙན་ཚིག་མིན།

གཏམ་རྒྱུད་ཚང་མ་འདི་ལྟར་མགོ་བརྩམས་པ་ཡིན་པས།

དེ་ལ་མཇུག་བྱང་ཅི་ཞིག་འབྲི་དགོས་པར་བསམ་གཞིག་གི་གྲོག་རོང་འགྲིམས་དགོས་དོན་མེད།

འདི་ན་སྐྱེ་བོ་རེ་རེའི་སེམས་ནང་སྡུག་ཡས་ཀྱི་རྡོག་ཁྲེས་ལྕི་མོ་རེད་ཡོད་པས།

འདི་ནས་བདེ་སྐྱིད་ཀྱི་དགོད་སྒྲ་ཐོས་པ་སྐྱག་རྫུན་ཡིན།

འགྲོ་ས་ནས་ཕྱིར་འོང་ཡོད་མེད་ཀྱི་རྩོད་རྙོག་དེས་ཅི་ཡང་མི་ཕན།

གང་ལྟར་ཡོང་ས་ཞིག་ཡོད་ན་འགྲོ་ས་ཞིག་ཀྱང་ཡོད་སྲིད།

གཏན་ཚིག་འདིས་ང་ལ་བསླུ་བྲིད་གཏོང་བཞིན།

སེམས་གསོ་རྒྱག་བཞིན། ལམ་སྟོན་བྱེད་བཞིན།

ཁུག་ཀྱོག་དགུ་ཀྱོག་གི་མི་ཚེར་སྡོམ་ཚིག་བཞག་མྱོང༌།

༡༥།༤།༢༠༠༠

རེ་སྒུག་གི་མཁའ་ངོགས་ན་འཚེར་བའི་ཟླ་བ།

སུས་ཀྱང་རྟོགས་ཐུབ་བྲལ་བའི་ན་ཟུག་གྲངས་མེད་ཀྱི་ཀློང་ན།

ཁྱེད་ཉིད་དྲན་པའི་རྨི་ལམ་གྱི་ཉག་མ་བགྲང་བཞིན།

མཚན་མོ་རེ་རེ་འདི་ལྟར། སྐྱོ་གདུང་ཁོ་ནས་བསྐྱལ།

ངའི་རེ་སྒུག་གི་མཁའ་ངོགས་ན་འཚེར་བའི་ཟླ་བ་ཡ།

འགོག་ཐུབ་བྲལ་འི་སེམས་པ་ཆུང་ཆུང༌།

ཁྱེད་ཀྱི་དཀར་ཟླུམ་གྱི་འོ་འཛིན་ངོས་སུ་བརླན་འདོད་ཅི་ལྟར་ཆེ་ཡང༌།

རང་རློམས་དང་བཅོས་མའི་བཀག་རྒྱ་བཙན་པོས།

ཧ་ཅང་སྐྱུར་བའི་ཚོར་བ་ཞིག་རུམ་དུ་བཅུག་སོང༌།

ཁྱེད་རང་བསམ་དྲག་པའི་ངའི་སེམས་གཅོང་རིང་མོ།

དཀའ་སྡུག་གི་གཏམ་རྒྱུད་ནི་བཀླགས་མི་ཚར་བའི་དེབ་ཐེར་མཐུག་པོ་ཞིག

གང་ལྟར་བཀླགས་མི་ཚར་བའི་ལོ་ཟླའི་སྐྱོ་གར་ཡོད་ཚད།

ཁྱེད་ཀྱི་ཞལ་རས་ལས་མཛེས་པའི་སེམས་པ་ལ་བཅོལ་ཡོད།