དཔྱད་རྩོམ།

 རྩ་ཁྲིམས་འདིའི་ཞན་ཆ་དེས་མ་འོངས་པར་ང་ཚོའི་སྲིད་བྱུས་ལ་དོ་བགེགས་ཡོང་སྲིད།

“The fight against the Dalai Lama clique should continue”, Mr. Yu said
“The fight against the Dalai Lama clique should continue”, Mr. Yu said

གོང་གི་ཚིག་དེ་ནི་རྒྱ་དམར་འཐབ་ཕྱོགས་གཅིག་གྱུར་ལས་ཁུངས་ཀྱི་འགོ་ཁྲིད་ཟུར་པ་ཀྲུའུ་ཝེ་ཆོན་གྱིས་བྲིས་པའི་མི་རིགས་ས་ཁུལ་གྱི་གནད་དོན་ལས་བྱུང་བའི་བསམ་ཚུལ་དེའི་ནང་ཐོན་ཡོད་ལ། དངངས་སྐྲག་གི་ཚིག་དེ་ཐོན་པར་ང་ཚོ་བོད་རིགས་རྣམས་ཀྱི་ངོས་ནས་རྒྱལ་ཁ་ཆེན་པོ་ཞིག་ཡིན་པ་དང་ལྷན་དུ་ང་ཚོས་རྒྱ་དམར་གྱི་གཡོ་ཇུས་ལ་གདོང་ལེན་གྱི་གྲ་སྒྲིག་ཀྱང་བྱེད་དགོས་པ་སྨོས་མེད་རེད།

རྒྱ་དམར་གྱི་དཔོན་རིགས་མཐོ་གྲས་ཀྱིས་ད་ལྟའི་བར་རྒྱ་དམར་གྱི་སྲིད་ཇུས་ནང་ནོར་འཁྲུལ་མང་པོ་ཞིག་བྱུང་ལ་ཁས་ལེན་བྱས་འདུག་པ་འདི་ང་ཚོས་རྒྱལ་སྤྱིའི་ཐོག་ཁྱབ་བསྒྲགས་བྱེད་རྒྱུ་ཡང་གལ་ཆེ་བར་མཐོང་།རྩོམ་ཡིག་འདི་རྒྱ་ནག་དམར་གཞུང་གི་སྲིད་བྱུས་ཞིག་ཡིན་པ་རྒྱ་གཞུང་ལ་ཞིབ་འཇུག་གནང་མཁན་ཚང་མའི་མཁྱེན་གསལ་ཡིན་པས་འདིར་འགྲེལ་བརྗོད་འཕར་མ་ཞུ་དགོས་མི་འདུག

ཀྲུའུ་ཝེ་ཆོན་གྱི་རྩོམ་ཡིག་ནང་ནོར་འཁྲུལ་ཁས་ལེན་བྱས་པ་ཁག་ངས་འདི་ཐོ་འགོད་བྱས་ཡོད་ནི།

༡་མི་རིགས་དང་ཆོས་ལུགས་ལས་དོན་ཐད་དཀའ་ངལ་མི་ཉུང་བ་ཞིག་ཡོད་པ་དང་།

(མི་རིགས་ཟེར་བ་འདིའི་ནང་བོད་དང་། སོག་པོ། ཡུ་གུར་བཅས་ཚུད་ཡོད་པ་དང་། ཆོས་ལུགས་ལས་དོན་ཟེར་བ་འདི་རྒྱལ་ཁབ་དང་། ཞིང་ཆེན། རྫོང་སོགས་རིམ་པ་ཁག་གིས་ཆོས་ལུགས་ཁག་གི་ལྟེ་གནས་ཁག་ལ་སྟངས་འཛིན་ནམ་དོ་དམ་སྐོར་ཚུད་ཀྱི་ཡོད)

༢་མི་རིགས་ནང་ཁུལ་དུ་འགལ་ཟླ་ཡོད་པ།

(མི་རིགས་དབར་གྱི་འགལ་ཟླ་ཟེར་བ་འདི་གཙོ་བོ་ཧིན་མི་རིགས་ཕོན་ཆེ་གྲངས་ཉུང་མི་རིགས་ཀྱི་ས་ཁུལ་ལ་གནས་སྤོ་བྱས་པ་ལས་བྱུང་པ་ཞིག་ཡིན།)

༣་སྤྱི་ཚོགས་ཀྱི་འཕོ་འགྱུར་དང་འཛིན་སྐྱོང་གི་དཀའ་ངལ།

(དཔལ་འབྱོར་གྱི་གནས་སྟངས་དང་དེང་རབས་ཀྱི་འཕྲུལ་རིགས་དར་རྒྱས་ཆེན་པོ་བྱུང་བ་དང་ལྷན་དམ་དྲག་ཅན་གྱི་སྲིད་ཇུས་ཕྱོགས་གང་ས་ནས་ཁུངས་མི་འཁྱོལ་བའི་གནས་སུ་ཉིན་རེ་བཞིན་འགྲོ་པ་འདི་ཡིན་པར་འདོད)

༤་ནུབ་ཕྱོགས་འཁོན་དགྲ་འཛིན་སྟོབས་ཤུགས།

(འདི་ནི་གཙོ་བོ་རྒྱལ་གཅེས་རིང་ལུགས་པ་གསོ་སྐྱོང་བྱེད་པའི་ལག་ཆ་གལ་ཆེ་ཤོས་ཡིན་པ་དང་། རྒྱ་ནག་རྒྱ་བསྐྱེད་ཀྱི་ལམ་ཁའི་བཀག་རྡོ་ཆེན་པོ་ཞིག་ཡིན)

དེ་ལས་ལྷག་པར་དུ་ཀྲུའུ་ཝེ་ཆོན་ནས་འཛེམས་ཟོལ་ཅི་ཡང་མེད་པར་༼གུང་ཁྲན་ཏང་དང་ནུས་ལྡན་ཚན་ཁག་ཚོས་མཉམ་རུབ་ཀྱི་རྐྱེན་པས་། རྩ་ཁྲིམས་ནང་འཁོད་པའི་མི་རིགས་རང་སྐྱོང་གི་དབང་ཚད་འདི་ཉིད་ལག་བསྟར་དང་མངོན་འགྱུར་བྱུང་མེད༽་ཅེས་ཡོངས་བསྒྲགས་བྱས་ཡོད།

ད་ལྟའི་བར་བཙན་བྱོལ་གཞུང་དང་བོད་ཀྱི་སྲིད་དོན་པ་མང་པོ་ཞིག་གིས་ཡོངས་བསྒྲགས་འདི་ལ་དོ་སྣང་མེད་པའམ་ཆབ་སྲིད་ཀྱི་དགོས་དབང་གིས་དཔྱད་བརྡར་བྱེད་མེད་པ་གང་ཡིན་མི་ཤེས་ཀྱང་། ཡོངས་བསྒྲགས་འདི་ནི་བཙན་བྱོལ་བོད་གཞུང་དང་འདས་པའི་མི་ངོ་དྲུག་ཅུ་ལྷག་གི་རིང་ཆད་མ་མཐུད་ཀྱི་འབྲེལ་ལམ་ཁྲོད་ཀྱི་སྡོམ་ཚིག་ཅིག་རེད་འདུག

ང་ཚོ་བཙན་བྱོལ་བོད་གཞུང་ནས་ཐོབ་རེ་བྱེད་བཞིན་པའི་རྒྱ་ནག་གི་རྩ་ཁྲིམས་ཀྱི་དབང་ཚད་དེ་ལ་གུང་ཁྲན་ཏང་དང་ནུས་ལྡན་ཚན་ཁག་ཚོས་༼ཚན་ཁག་འདིའི་འཐབ་ཕྱོགས་གཅིག་གྱུར་དང་གཞན་སུ་ཡོད་མེད་གསལ་མི་འདུག་༽འབད་རྩོལ་ལ་བརྟེན་ནས་མངོན་འགྱུར་བྱུང་མེད་པའི་རྒྱུ་མཚན་གསལ་སྟོན་བྱས་འདུག དབུ་མའི་ལམ་ནི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་སྒྲོམ་གཞིའི་ནང་ཁྲིམས་མཐུན་གྱི་ཐོབ་ཐང་ཡོད་པའི་བོད་རིགས་ཡོང་ལ་མི་རིགས་ས་གནས་རང་སྐྱོང་གི་གནས་བབ་ཚད་ལྡན་མིང་དོན་མཚུངས་པ་ཞིག་དགོས་དེ་ཡིན་པས། ད་ལྟ་སྨྱོ་ཧམ་ཆེ་བའི་རྒྱ་དམར་གཞུང་གིས་མི་ལོ་དྲུག་ཅུ་ལྷག་རིང་རྩ་འཛིན་བྱས་པའི་རྩ་ཁྲིམས་ལ་སྐྱོན་ཆ་ཡོད་པར་ཁས་ལེན་དགོས་བྱུང་འདུག་ལ། ཁས་ལེན་དེ་ཡང་བཟང་ཕྱོགས་ཀྱི་ཁས་ལེན་ཞིག་མ་ཡིན་པར་མི་རིགས་ཀྱི་ཐོབ་ཐང་རྩོད་མཁན་ལ་ཆེད་དུ་ཁ་གཏད་གཅོད་ཆེད་རྩ་ཁྲིམས་ནང་འཁོད་པའི་ཐོབ་ཐང་ཚང་མ་ནག་བསུབ་གཏོང་འཆར་ཡོད་འདུག

རྒྱ་ནག་མི་དམངས་ཀྱི་དགྲ་བོ་ངོ་མ།

ཀྲུའུ་ཝེ་ཆོན་ནས་བསམ་ཚུལ་དེ་འདྲ་ཞིག་འདོན་པའི་དམིགས་ཡུལ་གཙོ་བོ་མི་རིགས་མཐུན་སྒྲིལ་དང་བརྟན་ལྷིང་སྲུང་སྐྱོབ།རྒྱལ་ཁབ་གཅིག་གྱུར་སྲ་བརྟན་ཆེད་ཡིན་པར་བརྗོདཡོད་མོད། གོང་དུ་དྲངས་པའི་་ ༼གུང་ཁྲན་ཏང་དང་ནུས་ལྡན་ཚན་ཁག་ཚོས་མཉམ་རུབ་ཀྱི་རྐྱེན་པས་། རྩ་ཁྲིམས་ནང་འཁོད་པའི་མི་རིགས་རང་སྐྱོང་གི་དབང་ཚད་འདི་ཉིད་ལག་བསྟར་དང་མངོན་འགྱུར་བྱུང་མེད།༽་ཚིག་དེ་ལས་གུང་ཁྲན་ཏང་ནས་རྩ་ཁྲིམས་ནང་འཁོད་པའི་དབང་ཚད་དང་ཐོབ་ཐང་མངོན་འགྱུར་བྱུང་བཅུག་མེད་པ་ཁས་ལེན་བྱས་པ་འདུག་ལ། ཚིག་དེ་ལས་གུང་ཁྲན་ཏང་དང་ཚན་ཁག་ཁ་ཤས་ཀྱིས་རྩ་ཁྲིམས་རྩིས་མེད་བྱས་པ་གསལ་བོར་བརྗོད་འདུག་པས། རྒྱལ་ཁབ་ཀྱི་རྩ་ཁྲིམས་རྩིས་མེད་གཏོང་མཁན་ཞིག་ལ་མི་རིགས་མཐུན་སྒྲིལ་དང་བརྟན་རླིང་སྲུང་སྐྱོབ་སོགས་བརྗོད་པའི་དབང་ཆ་ག་ལ་ཡོད། མདོར་བསྡུས་ནས་བཤད་ན་ཀྲུའུ་ཝེ་ཆོན་གྱི་རྩོམ་ཡིག་ནང་བརྗོད་པའི་གུང་ཁྲན་ཏང་དང་ཚན་ཁག་དེ་ཚོ་རྒྱ་ནག་མི་དམངས་ཀྱི་དགྲ་བོ་ངོ་མ་དེ་རེད། གང་ཡིན་ཟེར་ན་ཁོ་ཚོས་རྩ་ཁྲིམས་རྩིས་མེད་གཏོང་བ་དང་། རྩ་ཁྲིམས་ཀྱི་ཞན་ཆ་དེས་ཁོང་ཚོའི་འདོད་དོན་འགྲུབ་མི་སྲིད་པའི་སེམས་འཁྲལ་བྱེད་ཀྱི་ཡོད་པ་དེ་རེད། ཉེ་ཆར་རྒྱ་གཞུང་གི་མཐོ་རིམ་མི་སྣ་ཁག་ནས་ཁ་གཅིག་གྲགས་ཀྱི་དབུ་མའི་ལམ་དེ་བཞིན་རྒྱ་ནག་གི་རྩ་ཁྲིམས་དང་འགལ་འདུག་སྐོར་བཤད་པ་ཡང་རྩ་བ་འདི་ལ་ཐུག་ཡོད། དམར་ཕྱོགས་ཀྱི་ཚོགས་པས་ད་དུང་མི་རིགས་རང་སྐྱོང་གི་དབང་ཚད་དང་ཐོབ་ཐང་མངོན་འགྱུར་མི་ཡོང་བའི་ཆེད་སྐད་གསེང་མཐོན་པོས་ང་ཚོར་བརྡ་ལན་སྤྲོད་ཀྱི་འདུག



 

 ཞི་བདེ་རྒྱ་མཚོའི་མངའ་ཁུལ་གྱི་དམག་འཁྲུག

ཨེ་ཤི་ཡ་ཞི་བདེ་རྒྱ་མཚོའི་མངའ་ཁུལ་གྱི་དམག་འཁྲུག

ཁ་བྱང་འདི་ལ་བོད་མི་རྣམས་ཆ་རྒྱུས་དེ་ཙམ་མེད་པར་མ་ཟད་ཞི་བདེ་རྒྱ་མཚོ་དང་ཁ་ཐག་ཆེས་རིང་ས་ཞིག་ནས་མངའ་ཁུལ་འདིའི་དམག་འཁྲུག་ལ་དེ་བས་ཀྱང་སེམས་ཁྲལ་དང་དོ་སྣང་བྱེད་མི་སྲིད། འོན་ཀྱང་། ཞི་བདེ་རྒྱ་མཚོའི་མངའ་ཁུལ་ལ་འབྱུང་སྲིད་པའི་དམག་འཁྲུག་དང་དམག་འཁྲུག་དེ་ལ་གྲ་སྒྲིག་བྱེད་བཞིན་རྒྱ་ནག་གཞུང་གི་བྱ་སྤྱོད་ལ་དོ་སྣང་བྱེད་འོས་པ་མ་ཟད། འབྱུང་འགྱུར་གྱི་དམག་འཆར་དེའི་ཁྲོད་ང་ཚོར་ཐོབ་སྲིད་པའི་གོ་སྐབས་ཁག་ལ་ཡང་བསམ་གཞིག་ངེས་པར་བྱེད་དགོས།

དམག་འཁྲུག་གཉིས་པའི་རྗེས་ནས་ཐོག་མར་་རྒྱབ་པའི་དམག་གྲུ་ཉེ་ཆར་ཡོངས་བསྒྲགས་བྱས་པ་ཞིག་ཡིན།
འཇར་པན་གྱིས་དམག་འཁྲུག་གཉིས་པའི་རྗེས་ནས་ཐོག་མར་་རྒྱབ་པའི་དམག་གྲུ་ཞིག་ཉེ་ཆར་ཡོངས་བསྒྲགས་བྱས།

བྱང་ཆུབ་སེམས་མཆོག་རིན་པོ་ཆེ། མ་སྐྱེས་པ་རྣམས་སྐྱེས་གྱུར་ཅིག

དམིགས་བསལ་ཕྱི་ལོ་༢༠༠༨་ནས་བཟུང་བོད་ཀྱི་ལོ་རྒྱུས་ནང་ང་ཚོ་བོད་མི་རིགས་ནི་བཙན་པོའི་གདུང་རྒྱུད་ངོ་མ་ཡིན་པ་དང་། རང་ཉིད་རིག་གཞུང་ཕུན་སུམ་ཚོགས་པོ་དང་ཡུན་རིང་ལོ་རྒྱུས་ཡོད་པའི་མི་རིགས་ཞིག་ཡིན་པ་གསལ་སྟོན་བྱས་ཡོད། འདས་པའི་ལོ་ཤས་ནང་རང་རིགས་དཔའ་བོ་དཔའ་མོ་བརྒྱ་ཕྲག་བརྒལ་བས་བསྟུད་མར་རང་གི་གཅེས་པའི་ཚེ་སྲོག་དམར་པོའི་མེ་ནང་སྦར་བ་དེས་ང་ཚོའི་འཐབ་རྩོད་ཀྱི་མུན་ཁྲོད་ལ་ཆེས་གསལ་བའི་སྒྲོན་མེ་ཞིག་དང་ས་བོན་བཟང་པོ་ཞིག་བཏབ་པ་རེད། མི་ལ་ལས་ཁོང་ཚོའི་བྱ་སྤྱོད་དང་དུས་སྐབས་སོགས་ལ་དྲི་བ་དང་གླེང་སློང་བྱེད་ཀྱི་ཡོད་པ་དེ་ནི་ཆེས་མ་གུས་པ་དང་ཆེས་ཐ་ཤལ་གྱི་བྱ་སྤྱོད་ཅིག་རེད། ང་ཚོའི་ལས་འགན་གཅིག་ནི་རྒྱལ་གཅེས་དཔའ་བོ་དང་དཔའ་མོ་རྣམས་ཀྱི་མཛད་རྗེས་ལ་ཡི་རངས་དང་གོང་བཀུར། འཛམ་གླིང་མི་མང་ལ་ཁྱབ་བསྒྲགས། བསྟོད་བསྔགས་བྱེད་རྒྱུ་དེ་གཅིག་པོ་ཡིན། གང་ཡིན་ཟེར་ན་ཁོང་ཚོས་རིན་ཆེན་མི་ལུས་མེ་ལ་སྒྲོན་པའི་དམིགས་ཡུལ་ནི་བོད་མི་རིགས་ཀྱི་སྡུག་བསྔལ་སེལ་རྒྱུ་དང་ཆེ་ས་ནས་བཤད་ན་སེམས་ཅན་ཐམས་ཅད་ཀྱི་བདེ་དོན་ཆེད་ཡིན། དེ་ལྟར་ཡིན་པ་ཁོང་ཚོའི་ཞལ་ནས་ཐོན་པའི་བོད་ལ་རང་དབང་རང་བཙན་དགོས། རྒྱལ་བ་རིན་པོ་ཆེ་བོད་ལ་གདན་འདྲེན་ཞུ་དགོས་སོགས་ཀྱིས་བདེན་དབང་བྱེད་ཐུབ།

སྤྱིར་བཏང་བྱང་ཆུབ་སེམས་མཆོག་རིན་པོ་ཆེ་ནི་སེམས་ཅན་རྣམས་འཇིག་རྟེན་འཁོར་བ་ལས་གྲོལ་བར་བྱེད་པའི་རླབས་ཆེན་གྱི་སེམས་ཞིག་ཡིན་པས་ཆབ་སྲིད་ཀྱི་ལས་འགུལ་ནང་སྐྱེས་སྲིད་པ་དང་སྐྱེ་ཐུབ་པ་ཞིག་ག་ལ་ཡིན། ང་ཚོའི་ལས་འགུལ་ལ་གྲུབ་འབྲས་མ་ཐོན་པ་ཡང་ཁ་བཤད་དོན་ལ་མི་གནས་པ་འདི་སྐྱོན་ཆེ་ཤོས་རེད་བསམ་གྱི་འདུག

ང་ཚོས་རང་ལུས་མེ་སྲེག་མཁན་གྱི་དཔའ་བོ་དཔའ་མོ་ཚོའི་བློས་བཏང་དེ་འཚེ་བ་ཡིན་མིན་དང་དཔའ་བོ་ཡིན་མིན་གླེང་བཞིན་པའི་སྐབས་འདིར་ཨེ་ཤི་ཡ་ཞི་བདེའི་རྒྱ་མཚོའི་མངའ་ཁུལ་དུ་རང་རྒྱལ་གཞན་ཕམ་རྔམས་པའི་དམག་འཁྲུག་གི་འཕེལ་རིམ་འདི་ལ་ངེས་པར་བལྟ་རིན་ཡོད་པ་ཞིག་ཡིན་ལ། དགྲ་བོ་རྒྱ་དམར་གྱིས་དམག་འཁྲུག་འདིའི་ཆེད་གྲ་སྒྲིག་བྱེད་བཞིན་པའི་གནས་ཚུལ་ལ་ཕྱོགས་ཡོང་ནས་ཞིབ་འཇུག་བྱེད་རྒྱུ་དེ་ཡང་གལ་ཆེ་བར་སེམས།

རྒྱ་གཞུང་གི་ཁྱབ་བསྒྲགས།

ཕྱི་ལོ་༢༠༡༢་ཕྱི་༣་ཚེས་༡༠་ཉིན་རྒྱ་གཞུང་གི་མགྲིན་ཚབ་ཤིན་ཧྭ་གསར་ཁང་གི་གནས་ཚུལ་ནང་འཁོད་དོན་ལྟར་ན་༢༠༡༢་ལོའི་སྔོན་རྩིས་ནང་དམག་དཔུང་གི་སྔོན་རྩིས་བརྒྱ་ཆ་༡༡་༢་སྤར་གྱི་ཡོད་པ་དེ་ནི་རྒྱུ་མཚན་ཡོད་པ་ཞིག་དང་འོས་འཚམ་ཡིན་སྐོར་འགྲེལ་བརྗོད་བྱས་འདུག

འགྲོ་གྲོན་ཀྲུང་གོའི་དངུལ་སྒོར་དུང་ཕྱུར་དྲུག་སྟོང་བདུན་བརྒྱ་ནི་ཨ་སྒོར་དུང་ཕྱུར་ཆིག་སྟོང་ལྷག་ཡིན་པ་དང་། དེ་ལས་དམག་མིའི་གླ་ཆ་དང་། དམག་སྦྱོང་། དམག་དཔུང་རྒྱུན་གནས་བཅས་ལ་གཏོང་གི་ཡོད་པས་སྟོབས་ཆེན་རྒྱལ་ཁབ་གཞན་དང་བསྡུར་ན་འགྲོ་སོང་དེ་ཙམ་ཆེན་པོ་མེད་སྐོར་ཡང་འགྲེལ་བརྗོད་བྱས་འདུག དེ་ལྟར་འགྲེལ་བཤད་རྒྱག་པའི་རྒྱུ་མཚན་ནི་ཉེ་བའི་ལོ་ཤས་རིང་རྒྱ་ནག་གི་དམག་དཔུང་སྟོབས་ཤུགས་བསམ་ཡུལ་ལས་འདས་པའི་ཡར་རྒྱས་ལ་ཕྱིན་པ་དང་ལྷན་འཛམ་གླིང་རྒྱལ་ཁབ་མང་པོས་དམག་དཔུང་རྒྱ་བསྐྱེད་ཀྱི་དམིགས་ཡུལ་ལ་དོགས་འདྲི་མང་པོ་བྱེད་ཀྱི་ཡོད་པས་རེད།

དམག་དཔུང་གི་འགྲོ་སོང་དེ་བཞིན་རྒྱལ་ཁབ་བདེ་འཇགས་ཆེད་ཁོ་ན་ཡིན་པ་དང་དཔལ་འབྱོར་ཡར་རྒྱས་དང་རྒྱལ་ཁབ་བདེ་འཇགས་གཉིས་མཉམ་གནས་ཀྱི་དམིགས་ཡུལ་གཙོ་བོར་བཟུང་ཡོད་ཟེར། རྒྱ་ནག་གི་དམག་དོན་མཁས་པ་རྣམས་ཀྱིས་དམག་གྲོན་འཕར་དགོས་པ་ཙམ་མ་དུ་མ་ཟད། རྒྱའི་དམག་དཔུང་གིས་ངེས་པར་དུ་ཡར་ཐོན་ཅན་གྱི་རྒྱལ་ཁབ་ཁག་གི་རྗེས་ཟིན་དགོས་པར་འགྲོ་གྲོན་ཕོན་ཆེན་པོ་ཞིག་གཏོང་དགོས་པར་འདོད། ད་དུང་རྒྱ་ནག་གི་དམིགས་ཡུལ་ལམ་རྨི་ལམ་སྐོར་ལ་བགྲོ་གླེང་མང་པོ་སླེབས་བཞིན་ནི་སོ་སོའི་རྒྱལ་ཁབ་ཀྱི་ཁེ་ཕན་ཆེད་ཡིན་སྐོར་བཤད་འདུག མདོ་དོན་ཕྱི་ལོ་ཉིས་སྟོང་བཅུ་གཉིས་ལོར་དམག་དོན་འགྲོ་སོང་རྒྱལ་ཁབ་ཀྱི་འགྲོ་སོང་གི་བརྒྱ་ཆ་ངེས་ཅན་ཞིག་ཟིན་གྱི་ཡོད་པར་རྒྱལ་ཁབ་མང་པོས་བློ་འཚབ་ཆེན་པོ་སླེབས་ཀྱི་ཡོད།

ཨ་རིའི་དམག་དཔུང་གི་འགུལ་སྐྱོད།

US ar

འདི་ཟླའི་ཚེས་༡༦་ཉིན་ཨོ་སི་ཀྲི་ལི་ཡར་སླེབས་པའི་ཨ་རིའི་དམག་གྲུ

དམག་དོན་མཁས་པ་མང་པོ་ཞིག་གིས་ཁ་གཅིག་གྲགས་ཀྱི་འདས་པའི་ལོ་མང་རིང་ཨི་རག་དང་ཨ་ཧྥེ་རྒན་གྱི་དམག་འཁྲུག་བརྒྱུད་རིམ་ནང་ཞི་བདེའི་རྒྱ་མཚོའི་ཁུལ་དུ་ཨ་མི་རི་ཀས་ལྷོད་ཡངས་ཤོར་པར་ངོས་འཛིན་བྱེད་ཀྱི་ཡོད་པ་དང་། ལྷོད་ཡངས་དེ་ཡང་རྒྱ་དམག་གིས་ཞི་བདེའི་རྒྱ་མཚོའི་མངའ་ཁུལ་དུ་འཆར་གཞི་ལྡན་པའི་ཐབས་ཇུས་བཟུང་ནས་ཤུགས་རྐྱེན་ཆེན་པོ་ཞིག་བཞག་ཡོད་པ་དེ་རེད། སྲིད་འཛིན་ཨོ་བྷ་མས་ཨི་རག་དང་ཨ་ཧྥེ་རྒན་གྱི་དམག་འཁྲུག་གང་མགྱོགས་མཇུག་བསྡུས་ནས་ཨ་རིའི་དམག་ཤུགས་ཞི་བདེ་རྒྱ་མཚོའི་ཕྱོགས་སུ་བཏང་དང་གཏོང་བཞིན་པ་འདིས་འཛམ་གླིང་ཐོག་དཔལ་འབྱོར་སྟོབས་ཤུགས་ཆེ་ཤོས་ཨ་རི་དང་རྒྱ་ནག་དབར་སོ་སོའི་རྒྱལ་ཁབ་ཀྱི་དཔལ་འབྱོར་ཁེ་ཕན་གཙོར་བཟུང་བྱས་པའི་མཇུག་འབྲས་ཤིག་ཀྱང་ཡིན།

ཕྱི་ལོ་༢༠༡༢་ལོ་ཨ་རིའི་སྲིད་འཛིན་མཆོག་ཨེ་ཤི་ཡ་མངའ་ཁུལ་དུ་ཉིན་དགུའི་འཚམས་གཟིགས་སྐབས་ཨོ་སི་ཀྲི་ལི་ཡའི་གྲོས་ཚོགས་ནང་ལོ་རྒྱུས་རང་བཞིན་ལྡན་པའི་གསུང་འཕྲིན་ཅིག་གནང་ཡོད་པའི་ནང་གསལ་བོར་ཡོད་པ་ནི། ཁོང་གིས་ཨ་རིའི་ཁྱད་ཆོས་དང་མངོན་འདོད་ཀྱི་ར་བའི་ནང་གི་ཨེ་ཤི་ཡའི་མ་འོངས་ག་འདྲ་ཡིན་མིན་གསུང་རྗེས། རྒྱ་ནག་གི་གྲུབ་འབྲས་དང་ཡར་རྒྱས་ལ་རྩིས་མེད་ཀྱིས་སྡོམ་འདི་ལྟར་བརྒྱབ་ཡོད།

(ང་ཚོས་ཨེ་ཤི་ཡ་ཞི་བདེ་རྒྱ་མཚོའི་མངའ་ཁུལ་ཀྱི་མ་འོངས་གང་འདྲ་ཞིག་འཚོལ་གྱི་ཡོད་ཟེར་ན།  ཚང་མར་བདེ་འཇགས་དང་། ཡར་རྒྱས་གོང་འཕེལ། ཆེ་མཐོང་ཡོད་པ་བཅས་ཡིན། འདི་ནི་ང་ཚོའི་ལངས་ཕྱོགས་ཡིན་ལ་ང་ཚོར་དགོས་པ་ཡང་འདི་ཡིན། ཨ་རིས་སྟོབས་ཤུགས་ཀྱི་མ་ལག་ཡོད་ཚད་བེད་སྤྱད་ནས་མཐུན་གྲོགས་རྒྱལ་ཁབ་ཁག་དང་གྲོགས་པོ་ཚང་མས་མཉམ་འབྲེལ་ཀྱིས་མ་འོངས་པ་དེ་འདྲ་ཞིག་འཚོལ་སྙེག་བྱེད་ཀྱི་ཡོད། འདིས་ང་ཚོས་སུ་ཡིན་མིན་གསལ་སྟོན་བྱེད་ཀྱི་ཡོད། དེ་བས་དོགས་འདྲི་བྱེད་མི་དགོས་པར། དུས་རབས་ཉེར་གཅིག་པར་ཨེ་ཤི་ཡ་ཞི་བདེ་རྒྱ་མཚོའི་མངའ་ཁུལ་དུ་ཨ་མེ་རི་ཀ་ཡོད་ཡོད་པ་རེད) གསུང་བའི་སྙིང་དོན་མངའ་ཁུལ་འདིར་ཨ་རིའི་སྟོབས་ཤུགས་མུ་མཐུད་དར་སྤེལ་གཏོང་རྒྱུ་དེ་རེད།

ཨོ་སི་ཀྲི་ལི་ཡའི་སེམས་ཁྲལ།

ཨོ་སི་ཀྲི་ལི་ཡའི་བདེ་སྲུང་དང་ཆབ་སྲིད་མཁས་ཅན་ཞིག་གིས་ཨེ་ཤི་ཡ་ཞི་བདེ་རྒྱ་མཚོའི་མངའ་ཁུལ་སྐོར་ལ་འདི་ལྟར་བསམ་ཚུལ་སྤེལ་འདུག

ཝ་ཤིན་ཌོན་དང་པེ་ཅིང་གཉིས་གདོང་ཐུག་གི་ལམ་ལོག་ཏུ་ཞུགས་ཟིན་པ་དང་ཕན་ཚུན་ཐབས་ཇུས་ཀྱི་འགྲན་ཟླར་མཐོང་གི་ཡོད། འཛམ་གླིང་ཐོག་གི་སྟོབས་ཤུགས་དང་འབྱོར་ཕྱུག་ཆེ་ཤོས་རྒྱལ་ཁབ་གཉིས་དབར་གྱི་འབྲེལ་བ་ག་དུས་ཡིན་ཀྱང་འགྲན་རྩོད་ཅན་ཅན་ཞིག་ཡིན་མོད། དྲི་བ་ནི་འགྲན་རྩོད་དེའི་ཁྲོད་ཕན་ཚུན་མུ་མཐུད་ནས་ཚོང་ལས་དང་། མ་རྩ་འཛུགས་པ། མཉམ་ལས་དང་དཀའ་ངལ་རྣམས་སེལ་རེས། ད་དུང་རྒྱལ་སྤྱིའི་བདེ་འཇགས་ཐད་ནུས་པ་མཉམ་འདོན་བྱེད་ཀྱི་ཡོད་མེད་བཅས་ཡིན།

འགྲན་ཟླ་དེ་ཉེན་ཁའི་ཕྱོགས་སུ་འགྲོ་བའི་དུས་ཚོད་ནི་ཆབ་སྲིད་དང་ཐབས་ཇུས། དམག་དོན་ཀྱི་ཁེ་ཕན་གཙོར་འདོན་ཀྱིས་རང་གི་གནས་བབ་དང་བདེ་འཇགས་ལ་བློ་འཚབ་བྱེད་རྒྱུ་མང་དྲག་པས་རྐྱེན་བྱས་ཏེ་ལས་དོན་ཁག་གི་ཐོག་མཉམ་ལས་ལ་འགོག་རྐྱེན་བཟོ་བ་དེ་རེད། ལམ་ཁ་དེའི་ནང་ཨ་རི་དང་རྒྱ་ནག་གཉིས་ད་ལྟ་ནས་གོམ་པ་དང་པོ་སྤོས་ཟིན་ཡོད། ཕྱིའི་རྣམ་པར་ཕྱོགས་གཉིས་ཀས་སོ་སོའི་གཏམ་བཤད་ལ་གཟབ་གཟབ་བྱེད་ཀྱི་ཡོད་ཀྱང་། ཁོང་ཚོས་དམག་གི་རྟེན་གཞི་དང་དམག་གི་ལས་དོན་འཆར་འགོད་སྐབས་གཅིག་གིས་གཅིག་ལ་དམིགས་འཛུགས་ཀྱིས་ཨེ་ཤི་ཡ་མངའ་ཁུལ་གྱི་རྒྱལ་ཁབ་ཁག་གི་རྒྱབ་སྐྱོར་ཐོབ་ཐབས་དང་། མངའ་ཁུལ་ཀྱི་དོན་རྐྱེན་ཁག་སྟེ། རྒྱ་ནག་ལྷོ་རྒྱ་མཚོའི་རྩོད་སྙོག་སོགས་ཕན་ཚུན་འཁྲུག་རྩོད་ཀྱི་ཕྱོགས་སུ་བསྐྱོད་བཞིན་ཡོད།

ཨ་རྒྱའི་འབྲེལ་བ་སྡུག་ཏུ་ཕྱིན་ན་ཨོ་སི་ཀྲི་ལི་ཡར་ཉེན་ཁ་ཆེན་པོ་ཡོད། གལ་སྲིད་ཨ་རྒྱའི་དབར་གྱི་འགྲན་རྩོད་ཁྲོད་ང་ཚོ་ཨ་རི་ཕྱོགས་སུ་ལངས་པ་ཡིན་ན་རྒྱ་ནག་དང་དཔལ་འབྱོར་འབྲེལ་ལམ་གཙོས་རྒྱལ་ཁབ་ཀྱི་དཔལ་འབྱོར་ལ་ཁྱོན་ཡོངས་ནས་གྱོང་གུན་ཆེན་པོ་ཕོག་གི་རེད། རྒྱ་ནག་དང་དམག་འཁྲུག་གི་གདོང་གཏུགས་ལ་ག་ཚོད་ཉེ་བ་དེ་ཙམ་གྱིས་ང་ཚོའི་བདེ་སྲུང་གི་འགྲོ་གྲོན་རང་བཞིན་གྱིས་སྤར་དགོས་ཀྱི་ཡོད། ཉེན་ཁ་ངོ་མ་ནི་ང་ཚོ་མི་འདོད་བཞིན་དམག་འཁྲུག་ཆེན་པོ་ཞིག་གི་ནང་བཙན་འདེད་བྱེད་ཀྱི་ཡོད་པ་དེ་ཡིན། གལ་སྲིད་ང་ཚོ་ཨ་རིའི་ཕྱོགས་སུ་ལངས་ནས་རྒྱ་ནག་གི་ཁ་གཏད་མ་བཅག་པ་ཡིན་ན་ང་ཚོའི་མཐུན་གྲོགས་རྒྱལ་ཁབ་ཀྱི་ལོ་རྒྱུས་མཇུག་རྫོགས་པ་ཡིན་པས་ང་ཚོ་ཁེར་རྐྱང་ཆགས་ཀྱི་རེད།

གོང་གི་ཞིབ་འཇུག་དེས་ཨ་རི་དང་རྒྱ་ནག་དབར་གྱི་རྣོ་ངར་ཆེ་བའི་འགྲན་རྩོད་ཁྲོད་ལངས་སྲིད་པའི་དམག་འཁྲུག་དེས་ཤུགས་རྐྱེན་སྐོར་ཡིན་པས་ཁོང་གིས་སེམས་ཁྲལ་ཡང་དོན་མེད་ཀྱི་སེམས་ཁྲལ་ཞིག་གཏན་ནས་མིན།

མཁས་དབང་ཁོང་གིས་མུ་མཐུད་དྲི་བ་མང་པོ་ཞིག་བཏང་ཡོད་པ་ནི།

སྤྱིར་བཏང་། ཨ་རི་དང་རྒྱ་ནག་རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་ཕན་ཚུན་གཅིག་ལ་གཅིག་བརྟེན་དང་། ཉིན་རེའི་ལས་དོན་ཁག་འཛིན་སྐྱོང་ཡག་པོ་བྱེད་ཀྱི་ཡོད་ཀྱང་། རྒྱ་ནག་ལ་སྟོབས་ཤུགས་རྒྱས་པ་དང་ལྷན་དུ་མི་མངོན་པའི་འགྲན་རྩོད་ཞིག་འཕེལ་གྱི་ཡོད་པ་དེས་ང་ཚོར་དྲི་བ་ཆེན་པོ་ཞིག་སླེབས་ཀྱི་ཡོད།

  • དེ་ནི་རྒྱལ་ཁབ་གཉིས་ཀྱི་རྒྱུན་རིང་གི་འབྲེལ་ལམ་དང་མ་འོངས་པ་ཅི་འདྲ་ཞིག་ཆགས་ཀྱི་ཡོད་དམ།
  • ཕྱོགས་གཉིས་ཀྱིས་ཕན་ཚུན་ཞི་བདེའི་ངང་གནས་པའི་ལམ་ཁ་ཤིག་རྙེད་ཀྱི་རེད་དམ།
  • ཡང་ན་འཐབ་ཇུས་ཀྱི་འགྲན་ཡ་དང་། དེ་ལས་ལྷག་ད་དུང་ཕན་ཚུན་དགྲ་བོ་ཆགས་ཀྱི་རེད་དམ།
  • ཨེ་ཤི་ཡའི་མངལ་ཁུལ་ནང་མ་འོངས་པར་ཞི་བདེ་དང་བརྟན་བརླིང་ཞིག་ཡོང་གི་རེད་དམ།
  • ཡང་ན་འཁྲུག་རྩོད་ཀྱི་ཆགས་འཇིག་ཆེན་པོ་ཞིག་ཡོང་གི་རེད་དམ།

དྲ་གྲོགས་རྣམ་པ་ཚོའི་ཁྲོད་འདིའི་སྐོར་མཁྱེན་མཁན་དང་མཁྱེན་འདོད་ཡོད་ན་ང་ཚོས་དྲི་བ་དྲི་ལན་གྱི་ཚུལ་དུ་ཞི་བདེ་རྒྱ་མཚོའི་མངའ་ཁུལ་དུ་ལངས་སྲིད་པའི་དམག་འཁྲུག་ལ་ཞིབ་འཇུག་བྱེད་ཆོག