ན་ཟུག་ལྕི་མོ།།
ལྗང་མདོག་བཀྲ་བའི་ལྗོན་ཤིང་འོག་ཏུ་དྲན་གཞིག་ཀློང་རིམ་འགྲིམ་པའི་དུས།། ཚོམ་བུར་དགོད་པའི་སྤྲིན་དཀར་དག་ནི་ཁ་བའི་ཞིང་དུ་འཕུར་བ་མཐོང༌།།
བསིལ་འཇམ་དྲི་བཞོན་ལུས་ལ་འཁྱུད་དེ་སིམ་པའི་བདེ་ཚོར་སྟེར་ན་ཡང༌།། ཨ་མ་དྲན་པའི་གདུང་བ་མ་བཟོད་དམར་ཆུང་སེམས་པ་མེ་རུ་སྦར།།
ལོ་ཟླའི་ཆུ་བོ་སྐད་ཅིག་མི་སྡོད་མདུན་ནས་མདུན་དུ་མཆོང་ཞིང་རྒྱུགས།། བྱམས་ལྡན་ཨ་མའི་འཛུམ་ཞལ་དྲན་ནས་ཉིན་ཞགས་རེ་ཡང་འཁྱོལ་ཐུབ་བྲལ།།
ལག་ཟུང་སྒྲེང་ནས་ཆོ་ངེ་སྒྲོག་ཀྱང་ལན་དུ་བྲག་ཆའི་ངར་སྐད་ཙམ།། ཁྲག་གི་མཆི་མ་མིག་ནས་བརྡོལ་ཡང་གདུང་སེལ་གཉེན་པོ་གནས་འདིར་དབེན།།
ང་ནི་བཙན་དབང་རླུང་གིས་དེད་པའི་ཁ་བའི་མེ་ཏོག་ཆུང་ཆུང་ཞིག། ས་མཐར་འཁྱམ་པའི་དཀའ་སྡུག་རིང་མོ་ང་ལ་དབང་པའི་འཚོ་བ་ཡིན།།
དྲག་ཏུ་འཕྱོ་བའི་སེམས་ཀྱི་རླབས་སྒྲས་འཛམ་གླིང་མུ་ཁྱུད་རལ་འདོད་ནས།། སེམས་ཀྱི་སྒྲ་དབྱངས་དྲག་ཏུ་རྡུང་ཀྱང་མཐོང་ཆུང་མདའ་ཆར་རབ་ཏུ་འཁྲིགས།།
དཔྲལ་བའི་མིག་དང་ཁོངས་པའི་སྙིང་གཅིག་པཎ་ཆེན་ཟླ་གཞོན་སྤྲིན་པའི་བསྒྲིབས།། ཆེར་རློམས་བླ་སྤྲུལ་མཁས་དབང་རྣམས་ནི་ངག་བཅད་ལྐུགས་པའི་བརྟུལ་ཞུགས་འཛིན།།
འོན་ཀྱང་རྒྱལ་གཅེས་དཔའ་བོ་རྣམས་ཀྱིས་ཟུངས་ཁྲག་དམར་པོ་ཕངས་མེད་བཏང༌།། ཁྲག་གིས་སྦགས་པའི་རྔམས་བརྗིད་ལྷུན་པོ་ཀུན་མཐོངས་འབིགས་པའི་གཤེད་དུ་བསྒྲེངས།།
སེམས་མེད་སྤྱང་ཚོགས་རྒྱ་དམར་པོས་སྐྱིད་པའི་གངས་ལྗོངས་བཙན་བཟུང་བྱས།། གསོད་གཏུབ་སྡུག་བཙུར་བཙོན་འཇུག་བྱས་ཏེ་གཤིན་རྗེའི་གྲོང་ཁྱེར་གསར་དུ་བསྐྲུན།།
འགྲོ་བ་མི་ཡི་ཐོབ་ཐང་ཡོངས་བྲལ་ཉིན་མཚན་དཀའ་སྡུག་ངང་གིས་བསྐྱལ།། ཤ་རུས་གཅིག་པའི་སྤུན་ཟླ་དྲན་ན་དབུགས་ཀྱི་རླབས་ཕྲེང་མཁའ་ལ་འཕྱོ།།
དངུལ་ཞུན་བྱུགས་པའི་ལྷུན་པོ་རྣམས་ནི་ཆུ་འཛིན་དགའ་མར་འཁྱུད་པ་བཞིན།། གཡུ་ལོ་བཀྲ་བའི་ནགས་ཚལ་རྣམས་ནི་འཛུམ་བརྒྱ་གྲོལ་བའི་གར་མཁན་བཞིན།།
ས་མཐོ་ཆུ་གཙང་རང་བྱུང་ཁོར་ཡུག་བྱེད་པོས་ཆེད་དུ་བསྐྲུན་པ་བཞིན།། ཡིན་ཡང་ཐམས་ཅད་གཞན་གྱིས་འཕྲོག་སྐབས་གངས་ཅན་པ་རྣམས་ཅི་ཡིས་ནོངས།།
སྐྱིད་པའི་ཡུལ་དུ་སྡོད་དབང་མ་བྱུང་ས་མཐར་འཚོ་བ་རོལ་དགོས་བྱུང༌།། མི་འདོད་འཕྲལ་གྱི་དཀའ་ངལ་མང་པོས་སེམས་ལ་ན་ཚའི་ས་བོན་བཏབ།།
རྐང་གཉིས་མི་ཡི་ལས་རྟེན་བླངས་བར་དོན་འབྲས་སྤུ་ཙམ་མ་ལོན་པས།། བརྩེ་དྲོད་དབེན་པའི་ཁང་ཆུང་ནང་དུ་ནམ་རྒྱུན་མཆི་མ་སྙིང་ལ་བསྲེས།།
བདེ་མྱུར་འཁྱུག་པའི་གསེར་ཉ་རྣམས་ནི་རང་དབང་རྐྱལ་རྩལ་ཅི་ཡང་ངོམས།། གཤོག་འགྱུར་ཡངས་པའི་འདབ་ཆགས་རྣམས་ནི་རང་དབང་འཕུར་ལྡིང་ཅི་ཡང་བྱེད།།
རྒྱལ་ཁབ་ཡོད་པའི་གྲོགས་པོ་རྣམས་ནི་རང་དབང་འགྲོ་འོང་ཅི་ཡང་བྱེད།། འོན་ཀྱང་གངས་ལྡན་བོད་མི་རྣམས་ལ་རང་དབང་ཏིལ་ཙམ་མེད་པས་སྐྱོ།།
གངས་རིའི་རྩེ་ནས་གངས་སེང་དཀར་མོས་བོད་ཀྱི་བདེན་དོན་དབྱངས་སུ་གྱེར།། གངས་ལྡན་ཞིང་ན་རྒྱལ་གཅེས་དཔའ་བོས་གཅེས་པའི་ལུས་སྲོག་ཕངས་མེད་གཏོང༌།།
གངས་ཕྲུག་ཀུན་ཀྱང་རང་ཡུལ་བསྐྲུན་ཆེད་རིག་གཞུང་དགའ་བའི་ཚལ་ན་རྩེན།། གངས་ཅན་ལྗོངས་ཀྱི་བསུབ་མེད་ལོ་རྒྱུས་གསོན་ཤུགས་རྒྱས་པའི་དུས་ལ་ཉེ།།
གངས་རིའི་སྟེང་གི་གངས་སེང་གཅིག་པོས་བདེན་པའི་དབང་བོ་ག་ལ་ནུས།། གངས་ཅན་ཞིང་ན་འབྱོར་ལྡན་མང་ཡང་རང་དབང་སླར་གསོ་ཇི་ལྟར་བྱེད།།
གངས་ཕྲུག་རྣམས་ཀྱི་རེ་སྨོན་ཙམ་གྱིས་མ་འོངས་བདེ་སྐྱིད་བསྐྲུན་ཐུབ་བྲལ།། གངས་རིའི་ལར་ཞེན་སྙིང་ལ་ཡོད་ན་རང་བཙན་གཉེར་བའི་དུས་ལ་བབས།།
༡༢ ༣ ༩༨ ལོར་རྡ་ས་ནས་བྲིས།
སྟོན་མཇུག་གི་སྨྲེ་སྔགས།
སྟོན་མཇུག་སྡོང་ལོ་སེར་པོ་ས་རུ་ཟགས།། ཨ་མའི་འཛུམ་ཞལ་དྲན་པའི་ཡུལ་དུ་གྱུར།།
མིག་ཆུའི་དོ་ཤལ་སྙིང་གི་དབུས་སུ་ཐིམ།། མི་ཡུལ་འགྲིམ་པའི་བུ་ཆུང་སྙིང་རེ་རྗེ།།
སྟོན་སྤྲིན་དཀར་པོ་ནམ་མཁའི་དབྱིངས་སུ་འཕུར།། ཨ་མའི་བྱམས་བརྩེ་དྲན་པའི་ཡུལ་དུ་གྱུར།།
སྐྱོ་བའི་སེམས་པ་དུས་མཐའི་རླུང་ལྟར་གཡོ།། སློབ་སྦྱོང་མ་ནུས་བུ་ཆུང་སྙིང་རེ་རྗེ།།
སྟོན་མཚན་རྒྱུ་སྐར་མུ་ཏིག་ཚོམ་བུར་བཞད།། ནང་མི་ལྷན་རྒྱས་དྲན་པའི་ཡུལ་དུ་གྱུར།།
བརྩེ་ཞེན་མེ་ལྕེས་ཡིད་སེམས་ཐལ་བར་བཟོས།། མདོ་མེད་ཡུལ་གྱར་གཞོན་ནུ་སྙིང་རེ་རྗེ།།
སྟོན་ཁའི་ཆུ་བོ་གཡུ་ཞུན་བཞིན་དུ་སྔོ།། ཡུན་འདྲིས་མཛའ་གྲོགས་དྲན་པའི་ཡུལ་དུ་གྱུར།།
ཞེན་ཆགས་ཅང་ཤེས་སྲུབ་མེད་མདའ་ལྟར་ཤོར།། བོད་འབྱོར་སྤྲང་འཁྱམ་གཞོན་ནུ་སྙིང་རེ་རྗེ།།
སྟོན་གྱི་འབྲས་སྙེ་གསེར་གྱི་ཐང་མ་འདྲ།། ཕ་ཡུལ་ཞིང་ཐང་དྲན་པའི་ཡུལ་དུ་གྱུར།།
སེམས་གཅོང་ཟུག་གཟེར་རྒྱུན་ཆད་མེད་པར་ལྡང༌།། གང་ཡང་མ་ནུས་འཁྱམ་པོ་སྙིང་རེ་རྗེ།།
སྟོན་རླུང་བསིལ་བསིལ་རེག་བྱ་ལུས་ལ་འཇམ།། ཕ་ཡུལ་རྩྭ་ཐང་དྲན་པའི་ཡུལ་དུ་གྱུར།།
ཤེས་བ་རབ་འཕྱོ་སྐྱོ་གླུ་བར་མེད་གྱེར།། མགོ་འཐོམ་ནུས་མེད་འཁྱམ་པོ་སྙིང་རེ་རྗེ།།
སྟོན་ཁའི་ཁ་དབུགས་དྭངས་གཙང་དྲི་མ་བྲལ།། གངས་ལྗོངས་གནམ་གཤིས་དྲན་པའི་ཡུལ་དུ་གྱུར།།
བཟོད་དཀའི་ན་ཟུག་སྒོམ་ཞིང་སྒོམ་ཞིང་ལུས།། དོན་མེད་མི་ཚེ་བསྐྱལ་བ་སྙིང་རེ་རྗེ།།
སྟོན་གྱི་སྦྲང་ཆར་དངུལ་གྱི་བྱེ་མ་འདྲ།། སཱ་ལའི་སྨན་ལྗོངས་དྲན་པའི་ཡུལ་དུ་གྱུར།།
རེ་སྨོན་མིག་ཟུང་འོད་མདངས་རིམ་གྱིས་ཉམས།། མི་གཟུགས་དུད་འགྲོ་གཉིས་པ་སྙིང་རེ་རྗེ།།
སྟོན་ཁའི་མཚམས་སྤྲིན་ལི་ཁྲིའི་མདངས་ལྟར་མཛེས།། དཔའ་བོའི་མཛད་རྗེས་དྲན་པའི་ཡུལ་དུ་གྱུར།།
རེ་དོགས་དྲི་རྟགས་ཀུན་གཞིའི་ངོས་སུ་འཁྲིགས།། ཤེས་རློམ་མཐོ་བའི་གཞོན་ནུ་སྙིང་རེ་རྗེ།།
སྟོན་ཟླའི་འོད་སྣང་འཛམ་གླིང་ཡོངས་ལ་བསིལ།། ཞི་བདེའི་དཔལ་ཡོན་དྲན་པའི་ཡུལ་དུ་གྱུར།།
མཐོང་ཆུང་བརྙས་དམོད་ཚིག་མཚོན་སྙིང་ལ་ཕབ།། གཞན་བརྟེན་ཉམ་ཆུང་གཞོན་ནུ་སྙིང་རེ་རྗེ།།
སྟོན་ཁའི་ཀུན་མཐོངས་རྔམས་བརྗིད་གཟི་མདངས་འབར།། གངས་ལྗོངས་རྒྱལ་ས་དྲན་པའི་ཡུལ་དུ་གྱུར།།
གངས་ཅན་གཞོན་ནུ་ངེས་མེད་ཀུན་ལ་འཁྱམ།། ཀུན་གྱི་ཞབས་འདྲེན་བདག་འདྲ་སྙིང་རེ་རྗེ།།
སྟོན་གྱི་སིལ་ཏོག་སྨིན་ལེགས་དྲི་བསུང་འཐུལ།། གཞིས་བྱེས་ལྷན་འཛོམས་རེ་བ་སྙིང་ལ་ཉར།།
རྒྱ་མི་དམར་པོའི་སྔུག་རྩུབ་ཉེར་ཞི་ནས།། ཆོས་ལྡན་རྒྱལ་ཁབ་སླར་ཡང་བསྐྲུན་གྱུར་ཅིག།
རླུང་གིས་ཁྱེར་བའི་སེམས་པ།།
ཆུ་བོ་ལྷུང་ལྷུང་དུ་བཞུར་དུས།། དྲན་པ་ཆུ་གཞུང་ལ་ཁྱེར་ཡང༌།།
བྱམས་ལྡན་ཨ་མ་མཆོག་དྲན་ནས།། ཕྱི་མིག་བརྒྱ་ཕྲག་ཙམ་ཤོར་ཡོད།།
ངག་སྙན་ཅོ་ཀ་ཡི་དྲུག་འགྱུར།། བརྩེ་འཛུམ་དབྱར་གཞུང་གི་མེ་ཏོག།
དུང་སེམས་རྟག་བརྟན་གྱི་རི་མོ།། བུ་ངའི་དྲན་ཤིང་གི་གཞི་མ།།
མཉེན་ལྕུག་འདབ་ལྡན་གྱི་འཁྲི་ཤིང༌།། རླུང་གི་རྒྱུ་ཕྱོགས་ལྟར་གཡོ་བ།།
ཨ་མའི་ཕྱག་ཟུང་གི་བྱིལ་བྱིལ།། ང་ལ་ཡང་བསྐྱར་ཅིག་གནང་རོགས།།
རྒྱང་རིང་རྒྱ་གར་གྱི་ཡུལ་དུ།། དོན་མེད་མི་ཚེ་འདི་བསྐྱལ་ནས།།
ཨ་མར་མནར་གཅོད་དེ་གཏོང་མཁན།། བུ་ཆུང་སྤྲང་འཁྱམ་བདག་སྐྱོ་བ།།
མིག་ཆུའི་མཚོ་མོ་ཞིག་བསྐྱིལ་ནས།། མ་བུ་ལྷན་འཛོམས་ལ་སྒུག་བཞིན།།
ཉིན་ཞག་འཁོར་སྐྱོད་དེ་བརྩི་དུས།། སེམས་པ་སྡུག་བསྔལ་གྱིས་ཁེངས་སོང༌།།
སྙིང་སྡུག་བརྒྱ་སྟོང་ཙམ་ཤོར་ཡང༌།། སེམས་པ་སྐྱོ་དོན་ཞིག་མི་འདུག།
དྲིན་ཆེན་ཨ་མ་དེ་ཤོར་ན།། ཡང་བསྐྱར་འཚོལ་ཐབས་ཤིག་མི་འདུག།
ཆུ་འཛིན་ཚོམ་བུ་རུ་དགོད་དུས།། ཨ་མའི་བྱམས་བརྩེ་དེ་དྲན་ཀྱང༌།།
སྤྲིན་དཀར་ཀུན་མཐོང་གི་དབྱིངས་ན།། བུ་ཆུང་གཞན་ཡུལ་གྱི་ལུང་པར།།
ཕར་ལ་སེམས་པ་ཞིག་བསྐུར་ཡོད།། ཚུར་ལ་མིག་ཆུ་ཞིག་བཏང་འདུག།
ཨ་མའི་མནར་སྡུག་དེ་བསམ་ན།། མྱུར་མོར་ཕ་ཡུལ་ལ་ལོག་འདོད།།
ཡིད་མཐུན་ན་ཆུང་གི་བརྩེ་དུང༌།། ནམ་མཁའི་འཇལ་མཚོན་གྱི་དཔེ་ཟླ།།
བྱམས་ལྡན་ཨ་མ་ཡི་བརྩེ་བ།། མི་འགྱུར་རྡོ་རྗེ་ཡི་དཔེ་ཟླ།།
གཞན་གྱི་འཛུམ་མདངས་དེའི་རྒྱབ་ན།། བཅོས་མའི་གཏམ་རྒྱུད་ཀྱིས་ཁེངས་ཡོད།།
ཨ་མའི་འཛུམ་མདངས་དེའི་རྒྱབ་ན།། གཞལ་མེད་རིན་ཆེན་གྱིས་གཏམས་ཡོད།།
ཉི་འོད་རི་རྩེ་ལ་འཕྲོས་དུས།། སེམས་པ་རི་རྩེ་ལ་ཤོར་འགྲོ།།
ཨ་མར་མཇལ་རྒྱུ་ཞིག་བྱུང་ན།། སྐྱིད་པའི་དགའ་ཚལ་ལ་སླེབས་འདྲ།།
འོ་ཇའི་བསུམ་ཞིམ་དེ་མ་མྱང༌།། ཨ་མ་ཐག་རིང་དུ་བསྐྱུར་ནས།།
རྒྱ་གར་རྡ་ས་ལ་འབྱོར་དུས།། སེམས་པ་དྲག་རླུང་གིས་ཁྱེར་སོང༌།།
ལྷོ་སྤྲིན་མཁའ་དབྱིངས་ལ་ལྡིང་ནས།། ནུབ་རིར་མཛེས་སྡུག་དེ་སྤྲོས་དུས།།
ཨ་མའི་གཤིས་འཇམ་གྱི་མངར་ཁ།། ཡིད་ཀྱི་གུར་ཁང་ལ་འཛུལ་བྱུང༌།།
ཨ་མ་ཟླ་བ་དེ་ཡིན་ན།། བཅོ་ལྔའི་འཛུམ་ཟེར་ལ་མཇལ་ཆོག།
སེམས་ཀྱི་ཟླ་བ་དང་མ་མཇལ།། སྙིང་ཁོངས་སྟོང་བ་རུ་ལུས་སོང༌།།
ཡིད་ཀྱི་ངང་ཆུང་དེ་འཕུར་ནས།། གངས་རིའི་རྩེ་མོ་ལ་སླེབས་དུས།།
ཨ་མ་མཐོང་ཡུལ་ན་མི་འདུག། སེམས་པ་སྐྱོ་གདུང་གིས་མནར་སོང༌།།
དྲན་མགུར་ཅོ་ཀའི་དྲུག་འགྱུར།།
ཀ་མད་སུམ་ཅུའི་དབྱངས་རྟ་སྙན་མོ་རུ་གྱེར་བཞིན།། ཁ་བའི་འདབ་མ་འཕུར་བའི་ཞིང་ཁམས་ན་ཡོད་དུས།།
ག་ལེར་བརྩེ་ལྡན་ཨ་མའི་བཀའ་དྲིན་དེ་མ་ཤེས།། ང་ཡིས་ད་ལྟ་ཤེས་ཀྱང་མཐོང་ཡུལ་དུ་མི་འདུག།
ཅ་ཅོ་བག་ཡངས་ངང་ནས་ཉི་མ་དེ་ཕུད་ཀྱང༌།། ཆ་ལུགས་རྒྱན་གོས་ཕངས་མེད་བུ་ཕྲུག་ལ་སྦྱིན་པའི།།
ཇ་ལོའི་མེ་ཏོག་ལྟར་མཛེས་སེམས་བཟང་གི་ཨ་མ། ཉ་བོ་ཡུལ་གྱར་གཞོན་ནུའི་སྙིང་ཁོངས་ནས་མི་བརྗེད།།
ཏ་ཀུར་ཁེན་པའི་ལོ་ལོན་རྒན་རྒོན་རྣམས་མཐོང་ཚེ།། ཐ་གྲུ་གཞན་ཡུལ་འགྲིམ་པར་བློ་འགྱོད་ཅིག་སྐྱེས་བྱུང༌།།
ད་ལྟ་སློབ་སྦྱོང་བྱེད་པའི་གོ་སྐབས་འདི་བསམ་ཚེ།། ན་གཞོན་ང་ཚོའི་ཡིད་སེམས་སྤྲོ་སྣང་གིས་ཁེངས་ཡོང༌།།
པ་སངས་ལྟར་དཀར་ཟོལ་མེད་ལྷག་བསམ་གྱི་ངང་ནས།། ཕ་མེས་སྲོལ་བཟང་སྐྱོང་ཚུལ་རྣམ་ཀུན་དུ་འཆད་ཀྱང༌།།
བ་གླང་དུད་འགྲོ་ལྟ་བུའི་མདོ་མེད་ཀྱི་གཞོན་ནུས།། མ་རབས་སྤྱོད་ངན་སྐྱོང་བའི་ངང་ཚུལ་འདི་སྐྱོ་བ།།
ཙ་ཏུར་དུས་ཚིགས་མང་པོ་རིམ་བཞིན་དུ་རྫོགས་དུས།། ཚ་ཚའི་འདུན་པས་སློབ་སྦྱོང་བྱེད་འདོད་དེ་མ་སྐྱེས།།
ཛ་ལང་རྒྱ་མིས་མནར་གཅོད་མྱོང་བཞིན་པའི་ཨ་མ།། ཝ་ལེར་དྲན་ན་སེམས་པ་སྐྱོ་གདུང་གིས་ཁེངས་ཡོང༌།།
ཞ་རའི་བརྟུལ་ཞུགས་འཛིན་པའི་བརྩེ་མེད་ཀྱི་བུ་དང༌། ཟ་འོག་གོས་འཇམ་ལྟ་བུའི་བྱམས་ལྡན་གྱི་ཨ་མ།།
འ་ཅག་ཁ་བ་ཅན་དུ་ལྷན་འཛོམས་ཤིག་བྱུང་ན།། ཡ་མཚར་དགའ་སྤྲོའི་ཟློས་གར་ཅི་འདོད་དུ་རྩེན་ཆོག།
ར་བ་གངས་ཅན་ཁྲོད་དུ་ཚེ་སྲོག་འདི་རྙེད་ནས།། ལ་ལུང་གཞན་ཡུལ་འཁྱམས་པའི་ཀླད་མེད་ཀྱི་བུ་ངས།།
ཤ་ཚའི་སྙིང་གཏམ་བརྗོད་པའི་ཨ་མ་དེ་དྲན་ཀྱང༌།། ས་ཐག་རིང་བས་མཇལ་འཛོམས་སྐལ་བཟང་མཆོག་མ་བྱུང༌།།
ཧ་ཅང་སེམས་པ་སྐྱོ་བའི་མཚན་གུང་གི་དུས་ཤིག། ཨ་མ་དྲན་མགུར་ངག་ནས་དབང་མེད་དུ་ཤོར་སོང༌།།
ཧ་ཧ་གད་མོ་དགོད་པའི་རྩེད་མོ་ཞིག་མ་ཡིན།། ཨ་མ་སྙིང་ནས་དྲན་པའི་སྨྲེ་ངགས་རང་ཡིན་ནོ།།
གངས་ཕྲུག་གི་རེ་སྨོན།
གངས་རིའི་ཡུལ་དུ་ལང་ཚོ་སྨིན་ནས།། གངས་རིའི་ལར་ཞེན་སྙིང་ལ་གནས་ཀྱང༌།།
གངས་རིའི་བདེན་པ་སྐྱོང་དབང་མེད་པར།། གངས་རིའི་ཞིང་དང་བྲལ་དགོས་བྱུང་སོང༌།།
གངས་ཀྱི་རི་ལ་བརྩེ་སེམས་མེད་ཟེར།། གངས་རིའི་སྟེང་ན་སེང་གེ་མེད་ཟེར།།
གངས་ཅན་བོད་མིར་སྙིང་སྟོབས་མེད་ཟེར།། གངས་ལྗོངས་བོད་ལ་ལོ་རྒྱུས་མེད་ཟེར།།
གངས་ཀྱི་རི་ལ་བརྩེ་སེམས་མེད་ན།། གངས་རིའི་མིག་ཆུ་གང་ནས་བརྡོལ་ཡོང༌།།
གངས་རིའི་སྟེང་ན་སེང་གེ་མེད་ན།། གངས་རིའི་གྲགས་སྙན་ཅི་ལྟར་ཁྱབ་ཡོང༌།།
གངས་ཅན་བོད་མིར་སྙིང་སྟོབས་མེད་ན།། གངས་ལྗོངས་དཔའ་བོའི་ཟུངས་ཁྲག་ཅི་རེད།།
གངས་ལྡན་བོད་ལ་ལོ་རྒྱུས་མེད་ན།། གངས་ཅན་རྒྱལ་བོའི་རྡོ་རིང་མཐོང་ངམ།།
གངས་རིར་བཞད་པའི་གངས་ལྷ་ཁྲི་འབུམ།། གངས་དཀར་ལྷ་མོའི་བུ་རྒྱུད་ཡིན་ན།།
གངས་རིའི་ལ་རྒྱ་སྐྱོང་བའི་དུས་རེད།། གངས་ཅན་བོད་མིའི་རྩ་དོན་སྒྲུབ་རོགས།།
གངས་ཅན་མགོན་པོའི་བཀའ་དྲིན་ཡོད་ན།། གངས་རིའི་བདེན་དོན་ཉམས་པ་མེད་དོ།།
གངས་ཅན་བོད་མིར་རྒྱལ་ཞེན་ཡོད་ན།། གངས་རིའི་རང་བཙན་མྱུར་དུ་ཐོབ་ངེས།།
རང་དབང༌།
རང་དབང་ཞེས་པ་བདེ་སྐྱིད་ཀུན་གྱི་གཞི།། རང་དབང་མེད་ན་མི་ཚེར་དོན་སྙིང་མེད།།
དེ་བས་རང་དབང་དོན་དུ་གཉེར་བའི་མགོན།། ཟླ་མེད་དེད་དཔོན་བསྟན་འཛིན་རྒྱ་མཚོ་རྒྱལ།།
གང་གི་ཐུགས་བསྐྱེད་ཆུ་འཛིན་ལྡིང་ཁང་ནས།། བབས་པའི་འཚེ་མེད་ཞི་བའི་གྲུ་ཆར་རྒྱུན།།
འཛམ་གླིང་ཤེས་ལྡན་དཔྱིད་དུ་ཉེར་སྨིན་པས།། བསྔགས་བརྗོད་འདབ་མའི་གེ་སེར་ཕྱོགས་སུ་དགོད།།
དེང་གི་དུས་འདིར་རྒྱ་མིའི་དྲག་གནོན་གྱིས།། སྨན་ལྗོངས་མིང་གི་ལྷག་མར་གྱུར་ན་ཡང༌།།
གདོང་པགས་མཐུག་པའི་དཔོན་ངན་ཝ་མོ་འབུམ།། དངུལ་ཆུས་བསྐྲུན་པའི་ཁྲི་ཁར་འགྱིང་བག་ངོམས།།
རང་གཞན་གཉིས་ཕན་རྒྱལ་བའི་དགོངས་པ་ལྟར།། སླད་མར་གཞིས་བྱེས་ལྷན་དུ་འཛོམས་པ་ལ།།
དངོས་དོན་མིན་པའི་འགྲེལ་བཤད་བསྐྱོན་མཁནམང༌།། གནས་ཚུལ་འདི་དག་ཐོས་པའི་ཡི་མུག་སྐྱེས།།
ལ་ལའི་རང་དབང་བུ་དང་བུ་མོའི་ཆེད།། ལ་ལའི་རང་དབང་སྤུན་དང་ཉེ་དུའི་ཆེད།།
ལ་ལའི་རང་དབང་རང་གི་ལྟོ་བའི་ཆེད།། ཁ་ཞེ་གཉིས་མེད་རང་དབང་སུ་ཡིས་གཉེར།།
མཁས་དང་བླུན་པོའི་ཁྱད་པར་དངུལ་གྱིས་འབྱེད།། བཟང་དང་ངན་གྱི་རི་མོ་དངུལ་གྱིས་འབྲི།།
སྙན་གྲགས་གོ་ས་ཡོད་ཚད་དངུལ་གྱིས་སྒྲུབ།། སྐྱེ་དགུའི་རང་དབང་དེ་ཡང་དངུལ་གྱིས་བསྐྲུན།།
ཤེས་ཡོན་ཅན་ལ་དཔལ་དང་འབྱོར་བའི་དབུལ།། འབྱོར་ལྡན་རྣམས་ལ་སྤྱི་སེམས་རིན་ཆེན་དཀོན།།
གཉིས་ཀ་འཛོམས་ཡང་མགོ་བོ་གནོན་མཁན་མང༌།། མདོར་ན་སོ་སོའི་རང་དབང་སོ་སོས་བརླགས།།
བོད་ཀྱི་རིག་གཞུང་ཕྱི་གླིང་པ་ལ་མཁོ།། ཕྱི་གླིང་དཔེ་གསར་བོད་པས་གཅེས་སུ་འཛིན།།
རིག་གཞུང་བརྗེ་རེས་བྱས་པའི་ཤུལ་ལམ་ན།། རིན་བྲལ་རིག་གཞུང་བརླག་པའི་དན་རྟགས་གསལ།།
རིགས་ཞེན་ན་ཟུག་མ་བཟོད་ངུས་པའི་སྒྲ།། རང་རློམས་ཅན་གྱི་རྣ་བར་གཟན་ན་ཡང༌།།
བརྗོད་འདོད་ངག་གི་རང་དབང་མ་བརླག་པར།། རང་དབང་ཞེས་པའི་ཚིག་འདི་ཡང་ཡང་བསྒྲག།།
གཤིས་ཀ
ཀ་ར་མངར་མོ་སྣུམ་མེད་རྩམ་སྐྱ་ལ་བསྲེས་ནས།། ཁ་ལག་འགྲིག་ཙམ་མཆོད་པའི་བོད་འབྱོར་གྱི་ཕོ་གསར།།
ག་བྱེད་འདི་བྱེད་མེད་པར་ཡར་མར་ལ་འཁྱམ་དུས།། ང་རྒྱལ་ཅན་ཚོས་མཐོང་ཆུང་བྱེད་ཡུལ་དུ་གྱུར་སོང༌།།
ཅ་ཅོ་འུར་ཟིང་ཆེ་བའི་རྡ་ས་ཡི་ཁྲོམ་ན།། ཆ་རྒྱུས་ཡོད་མེད་མི་རིགས་བརྒྱ་ཕྲག་ཙམ་འཛོམས་ཀྱང༌།།
ཇ་རྐྱང་ཆུ་རྐྱང་འཚོ་བའི་རྨང་གཞི་རུ་འཇོག་པ།། ཉ་ཉོག་བོད་འབྱོར་ང་ཚོའི་ལས་སྐལ་ཞིག་ཨེ་རེད།།
ཏཱ་ལའི་བླ་མར་དད་ནས་བཙན་བྱོལ་དུ་ཡོང་ཡང༌།། ཐ་ཆད་རྒྱ་མིས་ཁོངས་འཛུམ་བྱེད་སྟངས་ལ་བསམ་ན།།
ད་སྐབས་རང་ཡུལ་སྟོངས་པའི་ཉེན་ཁ་དེ་སླེབས་ཚར།། ན་གཞོན་ང་ཚོས་བདེན་དོན་མུ་མཐུད་དུ་རྩོད་དགོས།།
པ་ར་པུ་རིའི་ངང་ནས་ཉི་མ་དེ་མ་བསྐྱལ།། ཕ་མེས་རིག་གཞུང་རིན་ཆེན་དགོས་མེད་དུ་མ་མཐོང༌།།
བ་ཕྱུགས་བཀོལ་སྤྱོད་ལྟ་བུའི་བརྙས་སྨོད་དེ་ཁུར་ནས།། མ་རབས་ང་ཚོ་དོན་མེད་གཞན་ཡུལ་དུ་ལུས་སོང༌།།
ཙ་མ་ར་ལྟར་གྱོང་བའི་རྒྱ་དམར་གྱི་གཞུང་ལ།། ཚ་ངར་སྙིང་སྟོབས་ཆེན་པོས་ངོ་རྒོལ་དེ་བྱས་ཀྱང༌།།
ཛ་དྲག་སྡུག་རྩུབ་སྔར་ལས་བླ་ལྷག་ཏུ་ཕྱིན་འདུག། ཝ་མོའི་རྣམ་ཐར་སྐྱོང་བའི་དུས་ཚོད་ཅིག་མ་རེད།།
ཞྭ་གོས་ཟས་སོགས་འཚོ་བའི་མཐུན་རྐྱེན་དེ་ཞན་ཀྱང༌།། ཟ་འོག་གོས་འཇམ་ལྟ་བུའི་སྤྱི་སེམས་ཤིག་ཡོད་ན།།
འ་འུར་ཟོལ་བསྟོད་གྲགས་པའི་ཆོ་ལོ་དེ་མི་དགོས།། ཡ་བོ་དགྲ་ལ་འཐབ་རྩོད་ལྷོད་མེད་དུ་བྱས་ཆོག།
ར་ལྡན་གཤིན་རྗེར་འཕྲད་ཀྱང་འཇིགས་སྐྲག་དེ་མེད་པར།། ལ་ལུང་ཁྲི་ཕྲག་བརྒལ་ནས་བཙན་བྱོལ་དུ་ཡོང་དོན།།
ཤ་ཁྲག་ལུས་སྟོབས་དར་སའི་ཕ་ཡུལ་ཆེད་ཡིན་པས།། ས་ལེར་བདེན་པའི་ལོ་རྒྱུས་སྙིང་དབུས་ནས་མ་འདོར།།
ཧ་ལམ་དེང་གི་སྙན་རྩོམ་སྨྱོན་པ་ཚོས་བརྩམས་པས།། ཨ་མཚར་དགོས་པའི་དོ་སྣང་བྱེད་མཁན་དེ་མེད་ཀྱང༌།།
ཧ་ཅང་ཆ་སྙོམས་མིན་པའི་སྤྱི་ཚོགས་འདིའི་ཁྲོད་ཀྱི།། ཨ་འཐས་ཅན་འགའི་སྙིང་རླུང་ལྡང་ཕྱིར་དུ་བྲིས་སོ།།
རྟག་པར་དྲན་པའི་ཨ་མ།
མདང་དགུང་རྨི་ལམ་ནང་དུ།། བྱམས་ལྡན་ཨ་མར་མཇལ་བྱུང༌།།
སེམས་པ་སྐྱོ་བའི་མིག་ཆུ།། བཀག་ཀྱང་འགོག་ཐུབ་མི་འདུག།
ཨ་མའི་དབུ་སྐྲ་ལྕང་ལོ།། ཁ་བ་གངས་ཀྱིས་གཡོག་འདུག།
ཨ་མའི་འཛུམ་མདངས་བསམ་ན།། སྙིང་ལ་ན་ཚ་བཟོས་སོང༌།།
ཞོགས་པར་གཉིད་ལས་སད་དུས།། ཨ་མ་མཐོང་རྒྱུ་མི་འདུག།
མི་རྐྱང་སྡོད་སའི་ཁང་པར།། བརྩེ་བའི་བདེ་དྲོད་མི་འདུག།
ཨ་མ་དྲན་པའི་སེམས་པ།། ཕ་ཡུལ་ཕྱོགས་ལ་ཤོར་འགྲོ།།
གཞན་དབང་ལྕགས་ཐག་སྲ་མོས།། ལུས་པོ་དམ་དུ་བཏགས་འདུག།
སེམས་དང་ལུས་བོའི་བར་ན།། གཉིས་རྟེན་འབྲེལ་བ་མེད་ན།།
དགོས་མེད་ལུས་འདི་བསྐྱུར་ནས།། ཨ་མའི་པང་ལ་ལོག་ཆོག།
ཞོགས་པའི་ཉི་གཞོན་སྒེག་མོ།། ལྷུན་པོའི་རྩེ་ནས་འཛུམ་པ།།
བརྩེ་ལྡན་ཨ་མ་ཡིན་ན།། ཉི་མ་རྟག་པར་འཇལ་ཆོག།
ཉི་མས་འོད་དཀར་སྤྲོས་ནས།། གླིང་བཞིའི་མུན་པ་སེལ་སོང༌།།
ཡུལ་གྱར་བདག་གི་སེམས་ལ།། སྐྱོ་བའི་མུན་ནག་འཐིབས་སོང༌།།
དྭངས་པའི་རྦབ་ཆུ་སྔོན་མོ།། ཟེགས་མའི་རྒྱན་ཆ་མཛེས་པ།།
སྣ་མང་འདབ་ཆགས་ཀུན་གྱི།། ཅ་ཅོའི་མགྲིན་གླུ་སྙན་པ།།
མིག་ལ་མཆི་མས་ཁེངས་ན།། ཁོར་ཡུག་མཛེས་ཉམས་མི་མཐོང༌།།
སེམས་པ་ནད་ཀྱིས་ཟིན་ན།། མི་ཚེའི་བདེ་སྐྱིད་མི་ཚོར།།
སྐྱོ་དང་མ་སྐྱོ་མི་འདུག། ཨ་མ་བོད་ལ་བཞུགས་ཡོད།།
དྲན་དང་མ་དྲན་མི་འདུག། བུ་ཆུང་གཞན་ཡུལ་ལུང་པར།།
ཨ་མའི་བཀའ་སློབ་ཚིག་གསུམ།། སྙིང་གི་དབུས་སུ་བཅིང་ནས།།
སློབ་སྦྱོང་བྱེད་དགོས་བསམ་ཀྱང༌།། སེམས་འདི་བཅོས་ཐབས་མི་འདུག།
ལུས་པོ་བདེ་ཐང་ཡིན་ཀྱང༌།། སེམས་པ་སྡུག་གིང་བཀང་དུས།།
འགྲོ་འདུག་རང་དབང་མི་འདུག།། སེམས་ཀྱི་རང་དབང་གར་ཡོད།།
འཕྲིན་པར་རེ་སྒུག་བྱས་ནས།། ཉིན་མཚན་ཕྲེང་བ་བགྲང་བགྲང༌།།
འཕྲིན་པ་གཅིག་ཀྱང་མ་འབྱོར།། སྙིང་ཆུང་ཚལ་བར་འགས་སོང༌།།
བྱམས་བརྩེ།
གཡུ་ལོ་ལྡེམ་ལྡེམ་དུ་གཡོ་བའི།། འདབ་ལྡན་རྐང་འཐུང་གི་རྩེ་མོར།།
དྲུག་འགྱུར་ལྷང་ལྷང་དུ་སྒྲོག་པའི།། ལྷ་བྱ་ཅོ་ཀ་དེ་དྲན་སོང༌།།
ཝུ་དཀར་རླབས་ཕྲེང་གི་དོ་ཤལ།། མགྲིན་པའི་རྒྱན་ཆ་རུ་བླངས་ནས།།
དྭངས་གཙང་ལང་ཚོ་མཆོག་ངོམས་པའི།། དལ་འབབ་དགུ་ཆུ་དེ་དྲན་སོང༌།།
འཛུམ་དཀར་མེ་ཏོག་གི་འདབ་མ།། ཚིག་འཇམ་གེ་སར་གྱི་ཚོམ་བུ།།
ལྷག་བསམ་ཡལ་མེད་ཀྱི་དྲི་བསུང༌།། བརྩེ་ལྡན་ཨ་མ་དེ་དྲན་སོང༌།།
བུ་ཆུང་རྒྱང་རིང་དུ་ཕྱིན་པས།། སེམས་པ་དྲན་གདུང་གིས་མནར་སོང༌།།
གཅེས་ཕྲུག་ཉིན་མཚན་ལ་དྲན་ནས།། མཆི་མ་སྙིང་ཁོངས་ལ་འཁྱིལ་ཡོད།།
ས་མཐའི་དཀའ་སྡུག་གི་ཁྲོད་ནས།། ཨ་མའི་བཀའ་དྲིན་དེ་ཚོར་ཡང༌།།
བར་ཐག་དཔག་ཚད་ཀྱིས་ཆོད་པས།། མཇལ་འཛོམས་སྐལ་བཟང་དེ་མ་ཐོབ།།
དྲན་བསྐུལ།
འཆར་ཀའི་མཚམས་སྤྲིན་མ་ཡིན་ངུར་སྨྲིག་གི་རྒྱལ་མཚན།། རྒྱུ་སྐར་བདག་པོ་མ་ཡིན་འཛུམ་ཞལ་གྱི་མཚར་སྡུག།
གངས་རིའི་རང་མདངས་མ་ཡིན་བྱམས་བརྩེ་ཡི་གཟི་ལྡན།། མཁས་རློམ་འགྲན་བཟོད་མ་ཡིན་རྒྱལ་དབང་མཆོག་མཆོད་དོ།།
བརྗིད་ཆགས་ཤེལ་དཀར་ཕྲེང་བས་མུ་ཁྱུད་དུ་སྐོར་ཡོད།། ས་འཛིན་སྒེག་མོ་ཚང་ཚིང་དོ་ཤལ་གྱིས་རྒྱན་ཡོད།།
ཡངས་པའི་སྤངས་ཐང་རྩ་ཆེའི་སྨན་སྣ་ཡིས་བཀང་ཡོད།། རང་ཡུལ་རྒྱ་མིས་འཕྲོག་པར་ཞེ་འཁོན་དེ་ལོས་ཡོད།།
རི་ལུང་ཐམས་ཅད་རིན་ཆེན་གཏེར་མཛོད་ཀྱིས་གཏམས་ཡོད།། དྲི་མེད་དྭངས་གཙང་མཚོ་མོ་ཕྱོགས་ཀུན་དུ་འཁྱིལ་ཡོད།།
མཐའ་བྲལ་རྩྭ་ཐང་རྟ་ནོར་ལུག་གསུམ་གྱིས་བཀང་ཡོད།། རང་ཡུལ་རྒྱ་མིས་འཕྲོག་པར་ཞེ་འཁོན་དེ་ལོས་ཡོད།།
ཇོ་མོ་གླང་མའི་དབུ་རྩེ་སྤྲིན་རུམ་དུ་ཟུག་ཡོད།། གྲུ་འཛིན་གཉིས་པའི་གྲགས་སྙན་ས་གསུམ་ལ་ཁྱབ་ཡོད།།
ཇོ་ཤཱཀ་རྣམ་གཉིས་སྐྱེ་དགུའི་དད་རྟེན་དུ་བཞུགས་ཡོད།། རང་ཡུལ་རྒྱ་མིས་འཕྲོག་པར་ཞེ་འཁོན་དེ་ལོས་ཡོད།།
ཟད་མེད་དཔལ་འབྱོར་འདུ་ལོང་ཆར་སྤྲིན་ལྟར་དཀྲིགས་ཡོད།། སྤྱི་སྙོམས་བཀའ་ཁྲིམས་འཛམ་གླིང་ཉི་མ་ལྟར་གསལ་ཡོད།།
རྒྱལ་འབངས་ཐམས་ཅད་བདེ་སྐྱིད་དགའ་སྟོན་ལ་རོལ་ཡོད།། རང་ཡུལ་རྒྱ་མིས་འཕྲོག་པར་ཞེ་འཁོན་དེ་ལོས་ཡོད།།
ཆོས་ཀྱི་སྡེ་རྣམས་རྒྱུ་སྐར་ཕྲེང་ཚོམ་ལྟར་བསྐྲུན་ཡོད།། ཆོས་སྒྲ་ཆེན་པོ་ཕྱོགས་བཅུའི་དགའ་མ་ལ་འཁྱུད་ཡོད།།
ཆོས་ཚུལ་སྤེལ་མཁས་གསེར་གྱི་ལྷུན་པོ་ལྟར་བཞུགས་ཡོད།། ཆོས་ཡུལ་རྒྱ་མིས་འཕྲོག་པར་ཞེ་འཁོན་དེ་ལོས་ཡོད།།
རྨ་རྒྱལ་སྦོམ་རིའི་གཟི་དཔལ་ལམ་ལམ་དུ་འབར་ཡོད།། རྨ་ཀློང་རིང་མོའི་རླབས་ཕྲེང་ཆིལ་ཆིལ་དུ་འཕྱུར་ཡོད།།
འོན་ཀྱང་ཡོད་ཚད་དམར་པོ་ཁྲག་རྒྱུན་གྱིས་འཚོས་ཡོད།། རང་ཡུལ་རྒྱ་མིས་འཕྲོག་པར་ཞེ་འཁོན་དེ་ལོས་ཡོད།།
ཆོལ་གསུམ་བོད་མིའི་སྙིང་ལ་རྒྱལ་དབང་མཆོག་བཅང་ཡོད།། ཉམ་ཆུང་བོད་མིས་རང་དབང་རང་བཙན་ལ་སྒུག་ཡོད།།
རྒྱ་མི་དམར་པོའི་གདུག་རྩུབ་ཇེ་དྲག་ཏུ་གྱུར་ཡོད།། བསམ་ཞིང་གངས་ལྗོངས་ཉེན་ཁའི་གཡང་ས་ལ་ལྷུང་ཡོད།།
གཞིས་པས་རྒྱ་སྐད་མ་ཤེས་ཁྱི་གྲལ་ལ་གཡུགས་ཡོད།། བྱེས་པས་དབྱིན་སྐད་མ་ཤེས་ཕྱུགས་གྲལ་ལ་གཡུགས་ཡོད།།
རང་རིགས་ཁྱད་འཕགས་རིག་གཞུང་དགོས་མེད་དུ་བསམ་ཡོད།། རང་མགོ་རང་གིས་གཡོག་མཁན་ཕྱོགས་ཀུན་ན་གནས་ཡོད།།
ཕྱི་ནང་ངོ་གཉིས་ཅན་ནི་བྱམས་བྱམས་ཀྱིས་བསྐྱངས་ཡོད།། རང་རིགས་རྒྱལ་ཞེན་ཅན་ནི་གདོན་རྫས་ལྟར་གཡུག་ཡོད།།
ཡ་མཚར་ཟློས་གར་མང་པོ་ཅི་འདོད་དུ་རྩེན་ཡོད།། ཕྱི་རབས་དྲན་ཤིང་བཞག་པ་སྣང་མེད་དུ་སྐྱུར་ཡོད།།
རྙིང་པས་གསར་འབྱོར་ཟེར་བཞིན་མཛུབ་ཀེར་གྱིས་སྨད་ཡོད།། གསར་བས་རྙིང་འབྱོར་སྡུག་ཟེར་སྡུག་སྐད་དེ་ཤོར་ཡོད།།
ཁ་ཚིག་རྩེད་མོའི་བར་ནས་ཉིན་མཚན་དེ་བསྐྱལ་ཡོད།། བོད་མིའི་བྱེད་སྟངས་འདི་ལ་བཅོས་ཐབས་ཤིག་ཨེ་ཡོད།།
ཟོལ་མེད་ལྷག་བསམ་དྲི་བྲལ་མེ་ལོང་གི་ངོས་སུ།། རིགས་ཞེན་སྤོབས་པའི་གཟུགས་བརྙན་འགོག་མེད་དུ་འཆར་བ།།
མུན་པའི་ཀློང་དུ་འཁྱམ་པའི་རང་རིགས་ཀྱི་སྤུན་ཟླར།། དྲན་བསྐུལ་ཞེ་འཁོན་མ་ཡི་རི་མོ་ཞིག་ཕུལ་ལོ།།
༢༥།༩།༡༩༩༧
སེམས་ཀྱི་བྱུ་རུ།
གངས་རིའི་རང་མདངས་ལས་དཀར་བའི།། ལྷག་བསམ་ཟླ་མེད་ཀྱི་ལང་ཚོ།།
ཡིད་ཀྱི་མཁའ་དབྱིངས་སུ་རྩེན་ན།། སྤྲོ་དགའི་ཟློས་གར་ལ་རོལ་ཆོག།
འཛུམ་ཞལ་གཞུ་རྒྱུད་ལས་ཤོར་བའི།། ཟུར་མིག་མེ་ཏོག་གི་ཉག་ཕྲན།།
སྙིང་གི་དཀྱིལ་དབུས་སུ་ཟུག་པས།། སེམས་ཀྱི་བྱེའུ་ཆུང་དེ་རྨས་སོང༌།།
མོ་གཞོན་ན་ཆུང་གི་ལང་ཚོ།། ནམ་མཁའི་འཇའ་ཚོན་ལས་མཛེས་ཀྱང༌།།
ལྷད་མེད་དུང་སེམས་ཀྱི་རི་མོ།། མི་འགྱུར་བརྟན་པོ་ཞིག་ཨེ་ཡིན།།
གསར་སྐྱེས་སྨྱུག་མ་བཞིན་དྲང་བའི།། རྒྱབ་གཟུགས་མིག་ལམ་ནས་ཡལ་དུས།།
ལུས་པོ་མདུན་ཕྱོགས་སུ་བསྐྱོད་ཀྱང༌།། སེམས་པ་རྒྱབ་ཕྱོགས་ཤོར་འགྲོ།།
བྱུ་རུའི་ཕྲེང་བ་ཞིག་ཡིན་ན།། ནམ་ཡང་མགུལ་རྒྱན་དུ་བྱས་ཆོག།
ཞིམ་མངར་སྦྲང་རྩི་ཞིག་ཡིན་ན།། འདོད་པ་ཚིམས་རེག་པར་ཟོས་ཆོག།
རང་ཉིད་ཁེར་རྐྱང་དུ་སྡོད་དུས།། ཟླ་བ་ཁེར་འགྲོ་དེ་མཐོང་བྱུང༌།།
སེམས་པ་དྲན་གདུང་གིས་གཟིར་བས།། རྨི་ལམ་ཐུན་ཐུན་ཞིག་བཏང་བྱུང༌།།
མེ་ཏོག་ལྡུམ་རྭ་ཡི་ནང་དུ།། མེ་ཏོག་ལག་ཟུང་དུ་བཟུང་ནས།།
མེ་ཏོག་སྙིང་གྲོགས་ལ་འབུལ་དུས།། མེ་ཏོག་གངས་ལྷ་ལས་མཛེས་བ།།
ཁ་བའི་ཚོམ་བུ་དེ་བཞད་དུས།། ཁ་སེམས་གཏིང་འདྲེས་ཤིག་བྱུང་ཡང༌།།
ཚ་བའི་དུས་ཚོད་དེ་ཤར་དུས།། ཚ་འུར་ང་རྒྱལ་དེ་ཆེ་བ།།
དུང་སེམས་གངས་དཀར་གྱི་རི་བོ།། བརྩེ་མེད་མེ་ཟླུམ་གྱིས་བཞུས་པས།།
སྡུག་བསྔལ་མྱ་ངན་གྱི་མཆི་མ།། ཁྲི་ཤོར་རྒྱལ་མོ་ལྟར་བསྐྱིལ་ཡོད།།
ཁྱེད་ཀྱི་ཡོད་ཚད་ལ་བསམ་ནས།། མི་ཚེར་ལྷིང་འཇགས་ཤིག་མ་བྱུང༌།།
ད་ལྟ་གཅེས་ནོར་ཁྱེད་ཤོར་བས།། སེམས་པ་སྟོངས་སྟོངས་སུ་གྱུར་སོང༌།།
རྡོ་རྗེ་བྲག་རི་ལ་བརྐོས་པའི།། འགྱུར་མེད་མནའ་ཚིག་གི་རི་མོ།།
རྨ་ཆུའི་ཀློང་རིམ་ལ་བསྐུར་ན།། ངོ་ཚ་ཨེ་ཡོད་དེ་སོམས་དང༌།།
ཁུ་བྱུག་ལྷང་ལྷང་དུ་གྲགས་པ།། ཁྱེད་ཀྱི་སྐད་སྙན་ལ་འཁྲུལ་ནས།།
རྒྱང་གླུ་ལན་གསུམ་གྱི་འབོད་པས།། སེམས་ཀྱི་གཏིང་འོག་ཡང་བརྗེ་སོང༌།།
ཕར་ལ་ཡོད་ཚད་དེ་བཅོལ་ཀྱང༌།། ཚུར་ལ་རྐང་རྗེས་ཤིག་བཞག་སོང༌།།
རྐང་རྗེས་མིག་ལམ་ལ་སྣང་དུས།། མིག་ཀོང་མཆི་མ་ལ་བསྲེས་ཡོང༌།།
ཁྱེད་ཉིད་གང་འདོད་དེ་གྱིས་ཤིག། ང་ལ་ཁྲེལ་འཛུམ་དེ་མ་གནང༌།།
སེམས་སོང་བུ་མོ་ཁྱེད་ཤོར་བའི།། སྡུག་བསྔལ་ཚེ་གང་ལ་མི་བརྗེད།།
ཤོར་བའི་ཚིག
ཤེས་རབ་མཆོག་སྩོལ་འཇམ་དབྱངས་རྒྱལ་ཀུན་གྱི་ཡབ་གཅིག། རྨོངས་བའི་ཀློང་དུ་འཁྱམས་པའི་མགོན་མེད་ཀྱི་བུ་ལ།།
སྨྲ་བརྗོད་ངག་གི་འདབམ་ཅིག་ཅར་དུ་གྲོལ་བའི།། བྱིན་རླབས་འོད་ཟེར་སྟོང་ལྡན་ད་ལྟ་རང་སྩོལ་ཅིག།
ཕྱོགས་བཅུའི་ཕྱོགས་ན་ཕྲག་དོག་མེ་དུག་གིས་བཟི་བའི།། སྐྱེ་བོར་རང་རློམས་ཅན་གྱི་ཁ་འཐབ་ཀྱི་བར་ནས།།
བདེ་བའི་གཞི་མ་རྩ་ཆེའི་རང་དབང་དེ་བརླག་པས།། ད་ནི་སྤྲོ་སྐྱིད་ཉི་མ་ནུབ་རི་ལ་ཡལ་སོང༌།།
མི་རེའི་ཕྲག་པར་བྱ་བཞག་ལྷུན་པོ་ལྟར་ལྕིད་པ།། མི་རེའི་སེམས་ནང་སྔུག་ཡུས་ན་ཟུག་དེ་ཆེ་བ།།
མི་རེའི་མདུན་ལ་བཀག་རྒྱའི་ཚེར་བ་དེ་རྣོ་བ།། མི་རེའི་རེ་བ་འགྲུབ་པའི་དུས་ཚོད་དེ་ནམ་ཡིན།།
རེ་དོགས་སྒྱུ་མའི་ཟློས་གར་མི་ཚེ་ལ་འཁྲབ་རྗེས།། ཤ་ཁྲག་སྒྱུ་མའི་ལུས་པོ་མུན་དོང་ལ་གཡུག་དགོས།།
དོན་མེད་སྒྱུ་མའི་འཆར་གཞི་བདེ་སྐྱིད་ཅིག་ཨེ་ཡིན། བསམ་བཞིན་སྒྱུ་མའི་བློ་ལ་དྲི་རྟགས་ཤིག་ཤར་ཡོང༌།།
རྩོད་པའི་གནས་སུ་རྩོད་པའི་དེབ་ཐེར་དེ་ཀློག་རྗེས།། རྩོད་པའི་མཐར་ཐུག་རང་ཉིད་གཙོ་བོ་རུ་སྒྲུབ་པའི།།
རྩོད་པའི་རྒྱལ་བོ་དངུལ་ལོའི་བྲན་གཡོག་ཏུ་གྱུར་དུས།། རྩོད་པའི་དམ་བཅའ་བཤིག་པའི་རང་རྟགས་དེ་བསྟན་སོང༌།།
རྨོངས་པའི་ཀློང་ནས་འཚོ་བ་བདེ་སྐྱིད་དུ་བསམ་པ།། ཤེས་ལྡན་སྲིད་ན་ཡོད་པ་ལྟས་ངན་དུ་བརྩིས་ཀྱང༌།།
དུས་ཀྱི་མཐའ་ལ་ཁོ་བོས་ཐ་ཚིག་དེ་བསྒྲགས་ཡིན།། མཁས་རློམས་ཚིག་མཚོན་ཐོགས་རྣམས་ངར་ངར་དུ་ཕེབས་ཤོག།
ལྟོ་བ་བགྲང་ན་རྒྱབ་ཀྱི་རྒྱན་གོས་དེ་མཛེས་དགོས།། རྒྱན་གོས་མཛེས་ན་ཕྱག་གི་དངུལ་ལོ་དེ་མཐུག་དགོས།།
དངུལ་ལོ་མཐུག་ན་གཞན་དྲིན་ཡིད་གཏིང་ནས་བརྗེད་འགྲོ།། དེ་ལྟར་མི་ཚེའི་འཁོར་ལོ་གང་འདོད་དུ་འཁོར་ཆོག།
ང་ལ་དགོས་པ་ཁྱེད་ཀྱི་གྲམ་རྡོ་བཞིན་གཡུག་ཡོད།། ཁྱེད་ལ་དགོས་པ་འགྲུབ་མེད་སྟོང་བསམ་དེ་རེད་འདུག།
ཁྱེད་དང་ང་ཡི་ལམ་ཁ་ལྡོག་ཕྱོགས་སུ་སྣང་ཡང༌།། དོན་གྱིས་དེད་ན་ལམ་སྣེ་གཉིས་ཀ་ཡིས་མ་རྙེད།།
འོད་ཀྱིས་ལོང་བའི་སྲིན་བྱས་མཚན་མོ་ལ་སྨོན་ནོ།། འབྱོར་མེད་སྤྲང་བོ་ཀུན་གྱིས་འབྱོར་ལྡན་ལ་སྨོན་ནོ།།
རེ་དང་སྨོན་པའི་མཐའ་མར་རྫོགས་ཚིག་རེ་འབྲི་དགོས།། དེ་ནི་ཁྱེད་དང་ང་ཡི་མཐའ་མཇུག་གི་ལམ་ཁ།།
གྲོགས་ཀྱི་དྭངས་མས་ང་ལ་སྟོངས་བསླུས་དེ་བྱས་སོང༌།། དགྲ་མིན་གྲོགས་མིན་མི་ཚེའི་ལམ་གྲོགས་དེ་རེད་འདུག།
འདི་མིན་དེ་ཡིན་མ་ཤེས་རྨོངས་འཐོམ་གྱི་ངང་ནས།། གཤིན་རྗེའི་ཁྲིམས་ཐག་གཅོད་པར་ངང་སྒུག་དེ་བྱས་ཡོད།།
དུས་གཏན་དུ་དྲན་པའི་ཨ་མ།།
སྤྲིན་དཀར་མཁའ་དབྱིངས་ལ་ལྡིང་དུས།། ཉི་འོད་ཆུ་འཛིན་ལ་འཁྱུད་བྱུང༌།།
བརྩེ་ལྡན་ཨ་མ་དེ་དྲན་ནས།། མིག་ཆུ་སྙིམ་མཐིལ་དུ་ཟགས་སོང༌།།
ཤིང་ཁང་གྲུ་བཞི་དེའི་ནང་དུ།། མ་ཎིའི་དབྱངས་དེ་གྱེར་བཞིན།།
མ་བུ་ལྷན་འཛོམས་ལ་སྒུག་ནས།། ཉིན་མཚན་དྲན་གདུང་གིས་བསྐྱལ་ལམ།།
མཁར་སྐྱོད་གནམ་གྲུ་དེ་ཡིན་ན།། ཨ་མའི་སྐུ་དྲུང་དུ་འཕུར་འདོད།།
སྐུད་མེད་གློག་འཕྲིན་དེ་ཡིན་ན།། དྲན་པའི་ངག་འཕྲིན་ཞིག་གཏོང་འདོད།།
འབྲས་དང་ལྡ་ལི་ལ་རོལ་དུས།། ཨ་མའི་ཞལ་ལག་དེ་དྲན་སོང༌།།
གཞན་ངོ་དཀར་ནག་དེ་འཚོ་དུས།། ཡིད་མཐུན་སྤུན་ཟླ་རྣམས་དྲན་སོང༌།།
ཁུ་བྱུག་འདིར་ཕྱོགས་སུ་སླེབས་ནས།། ཨ་མའི་འཕྲིན་པ་དེ་སྒྲོག་སོང༌།།
ཞུ་ཚིག་ལན་གསུམ་གྱི་འབོད་པས།། མགྲིན་པ་ངུ་ངག་གིས་འགག་སོང༌།།
༢༥།༡།༡༩༩༨ ཉིན་རྡ་ས་ནས་བྲིས།།
སྙིང་གཏམ།།
སྲོང་བཙན་སྒམ་པོ་པད་དཀར་འཆང་བ་དངོས།། ཁྲི་སྲོང་ཁྲི་རལ་འཇམ་དཔལ་གསང་བའི་བདག།
རིགས་གསུམ་སྤྲུལ་བའི་རོལ་གར་རྩེན་པ་ལས།། སུམ་གཉིས་ས་ལ་དབང་བསྒྱུར་བྱས་བར་གྲགས།།
དེ་རྗེས་མི་གཟུགས་ཕྱུགས་ཀྱི་མཚན་སྙན་ཅན།། བདུད་ཀྱི་ཆོ་འཕྲུལ་འབུམ་ཕྲག་བསྟན་པ་ལས།།
ཆོས་སྲིད་གཉིས་ལྡན་སྐྱིད་པའི་སྨན་ལྗོངས་འདིར།། བཟོད་དཀའི་ལོ་རྒྱུས་རྨ་ཁ་བཟོས་བར་གླེང༌།།
ལྷ་བདུད་དྲག་ཏུ་འཐབ་པའི་བྱུང་བ་ལས།། རང་དབང་རང་བཙན་དོན་དུ་གཉེར་བ་ལ།།
ཉིན་མཚན་རེ་བའི་མིག་ཟུང་ཆེར་བགྲང་བ།། འཇའ་ཚོན་གོས་སུ་རེ་བའི་ངལ་བ་ཉིད།།
རྨོངས་ཞེན་མཁྲེགས་འཛིན་ལྟ་བ་བྲག་ལྟར་སྲ།། ཕྲག་དོག་དུག་གི་ཚེར་མ་ནང་དུ་རྩུབ།།
རྐང་གཉིས་མི་ཡི་ཁྲོད་ན་རང་རློམས་མཐོ།། ཆོས་ལྡན་བོད་མིས་སྤྱི་དོན་རིང་དུ་སྤངས།།
སྤྱོད་ཡོན་འཛོམས་ན་གནོན་པའི་ཐབས་ལ་འབད།། རང་རིགས་བསམ་ན་བདུད་ཀྱི་འཁོར་དུ་བགྲང༌།།
རྡོག་དོན་རང་གི་མི་ཚེ་ཁོ་ནའི་ཆེད།། སྤྱང་རྒན་ཚོགས་པའི་མདུན་ན་སུ་ཡང་ཕམ།།
ལྷ་འདྲེ་མི་བསྲེས་བདུད་ལ་མི་སྐྲག་ཅིང༌།། རང་མི་རང་གིས་ཁྱད་གསོད་མི་བྱེད་པར།།
རྒྱ་མི་དམར་པོ་བོད་ནས་མི་བསྐྱུར་བ།། བོད་མི་རྣམས་ཀྱི་སེམས་ནས་མི་འདོར་འཚལ།།
རང་དབང་ཐོབ་ཀྱང་བོད་ཡུལ་མི་དགོས་པར།། རང་བཙན་དོན་དུ་གཉེར་བ་གད་མོའི་གཏམ།།
རང་རིགས་མི་རྣམས་རང་ཉིད་གཅིག་པོ་བསམ།། རང་ཅག་ཉམ་ཐག་བོད་མི་སྙིང་རེ་རྗེ།།
ལ་ལས་རང་སྲོག་བཏང་ནས་རང་རིགས་སྐྱོངས།། ལ་ལས་རང་རིགས་བཀོལ་ནས་རང་བདེ་སྒྲུབ།།
གང་ལྟར་རང་ཅག་བདེ་སྡུག་ཆ་མི་སྙོམས།། སྣང་ཚུལ་འདི་དག་བསམ་ན་ཡི་མུག་སྐྱེས།།
ཟོལ་མེད་གཞུང་དོན་སྒྲུབ་པའི་སྤུན་ཟླ་ཚོར།། བཅོས་མིན་ལྷག་བསམ་དཀར་བོས་གུས་བསྟོད་ནས།།
ཟུར་སྡོད་ནང་དཀྲུགས་བྱེད་པའི་གཡོ་ཅན་ལ།། ཚིག་མདའ་ཤུགས་ཀྱིས་འཕེན་ནོ་རང་ཚུགས་ཟུངས།།
༣༡།༣།༡༩༩༨ཉིན་རྡ་སར་བྲིས།།
པཎ་ཆེན་ཡང་སྤྲུལ།
འཛམ་གླིང་ཟླུང་པོའི་ཡང་རྩེ།། བསིལ་ལྡན་གངས་ཅན་བོད་ན།།
ཉི་ཟླ་ཟུང་དུ་འབོད་པའི།། རྒྱལ་བ་པཎ་ཆེན་རྣམ་གཉིས།།
མགོ་ནག་བོད་མི་ཡོངས་རྫོགས།། དམ་པའི་ཆོས་ལ་དད་ཅིང༌།།
མི་གཤིས་ཡ་རབས་ཡིན་པ།། མགོན་པོ་ཁྱེད་གཉིས་བཀའ་དྲིན།།
ལོ་རྒྱུས་འགྱུར་བ་མང་པས།། རང་ཡུལ་གཞན་ལ་ཤོར་སོང༌།།
མཐུན་ལམ་བཙན་གྱི་བཅད་ཀྱང༌།། ཐུགས་སེམས་གཅིག་ཏུ་འདྲེས་ཡོད།།
པཎ་ཆེན་ཡང་སྤྲུལ་ཟླ་གཞོན།། མི་འདོད་སྤྲིན་པས་བསྒྲིབས་ཀྱང༌།།
གངས་ལྗོངས་བོད་མིའི་སེམས་ནང༌།། ནམ་ཡང་བཅོ་ལྔའི་ལྷ་ཟླ།།
དགུང་ལོ་གཞོན་གཞོན་འདྲ་ཡང༌།། ཐུགས་སྤོབས་གཞོན་རྒྱུ་མི་འདུག།
མི་ཡི་གཤིན་རྗེའི་མདུན་ནས།། དབུ་འཕང་དགུང་ལ་བཏེགས་སོང༌།།
འཇིགས་རུང་བཙོན་དུ་བཞུགས་པའི།། ཆུང་སྤྲུལ་བསྟན་འཛིན་དགེ་འདུན།།
དམར་པོའི་གདུག་རྩུབ་དྲག་པོ།། ཐུགས་ཀྱིས་བཟོད་པ་ཨེ་འདུག།
ནམ་རྒྱུན་མཆོག་ཉིད་དྲན་ནས།། མཆི་མ་མིག་ལ་འཁྱིལ་ཡོད།།
ཁྱེད་ཀྱི་བདེ་སྡུག་བསམ་ན།། སྐྱིད་པའི་གོ་སྐབས་མི་འདུག།
བརྩེ་བའི་ཨ་མའི་ངག་ནས།། ཁྱེད་ཀྱི་གསོལ་འདེབས་ཐོས་སོང༌།།
ད་ལྟ་ཨ་མར་བྲལ་དུས།། གསོལ་འདེབས་ང་ཡིས་སྐྱོར་ཡོད།།
མི་རབས་མང་པོ་ཕྱིན་ཀྱང༌།། ཁྱེད་དང་འབྲེལ་ཐག་མ་ཆད།།
ད་ལྟ་ཁྱེད་དང་ངེད་གཉིས།། ལས་ཀྱིས་བསྐོས་བའི་གྲོགས་ཡིན།།
ང་རང་བཙོན་དུ་ཡོད་དུས།། ཁྱེད་ཉིད་སྙིང་ནས་མ་དོར།།
སེམས་ལ་གཤོག་པ་མེད་ཀྱང༌།། ཉིད་ཀྱི་དྲུང་དུ་འཕུར་འགྲོ།།
རྒྱ་གར་རྡ་རམ་ས་ལར།། རྒྱལ་དབང་ཕྱག་ན་པད་མོའི།།
ཞབས་ཟུང་གཙུག་ཏུ་བཀུར་ནས།། སྡོད་པའི་སྐལ་བཟང་བྱུང་ཡང༌།།
ཁྱེད་ཀྱི་མནར་གཅོད་བསམ་ན།། རྙིང་རླུང་འཇགས་ཐུབ་མི་འདུག།
ཐུན་གསུམ་རྨི་ལམ་ནང་དུ།། གསེར་ཞལ་དངོས་མཇལ་བྱུང་སོང༌།།
ང་ཡི་སེམས་ཀྱི་མེ་ཏོག། པཎ་ཆེན་བསྟན་འཛིན་དགེ་འདུན།།
སྐུ་ཚེ་ཡུན་དུ་བརྟན་ཅིང༌།། ཐུགས་བཞེད་འགྲུབ་པའི་སྨོན་ལམ།།
༣༠།༤།༡༩༩༨ཉིན་རྡ་སར་བྲིས།།
བརྩེ་སེམས་ཀྱི་མདུད་པ་དམ་པོ།
གཡང་དཀར་ལུག་གི་འབའ་སྒྲ་དང་ནི་ནོར་གནག་ཕྱུགས་ཀྱི་ངུར་སྒྲ་ཡིས།།
ཕ་མཐའ་དཔོག་མིན་རྩྭ་ཐང་ཁྱོན་ལ་ཞོགས་པའི་ཁ་དབུགས་དྭངས་མོ་འདྲེན།།
དྲོད་འཇམ་འཁྱིལ་བའི་སྦྲ་གུར་ནང་དུ་བཅུད་ལྡན་འོ་མའི་བསུང་ངད་ལྡང༌།།
མཛའ་གྲོགས་ཟུང་གི་གཏམ་རྒྱུད་རིང་མོ་མཐིང་སྨུག་སྦྲ་ཆུང་འདི་ནས་མཆེད།།
སེར་ཆེན་འདབ་མ་ཕྱོགས་སུ་གྲོལ་བ་འཛུམ་ལྡན་ཞལ་གྱི་དཀྱིལ་འཁོར་ནས།།
ཆགས་པའི་ཟུར་མིག་ཀེམ་ཀེམ་གཡོ་བ་སྙིང་གི་དབུས་སུ་ལྷུང་གྱུར་བས།།
ཡིད་བསྲུབས་སྤུ་ལོང་ཆེས་ཆེར་གཡོ་ཤིང་ལུས་པོ་ལྕུག་ཕྲན་བཞིན་དུ་གཡོ།།
དགའ་མར་འཕྲད་པའི་ཡིད་ཀྱི་བདེ་བ་སྙན་ངག་ལམ་ནས་མཚོན་ཐུབ་བྲལ།།
དབྱངས་ཅན་རྒྱུད་མངས་སྙན་པར་གྲགས་ཀྱང་མི་སེམས་འགུག་པའི་ནུས་པ་བྲལ།།
བདེ་སོགས་སྒེག་མོ་མཛེས་པར་བརྗོད་ཀྱང་དབང་ཕྱུག་མྱོས་པའི་རྒུན་ཆང་ཙམ།།
ཡིད་མཐུན་བུ་མོའི་ལང་ཚོ་དེ་དང་མཆུ་སྒྲོ་ལས་འཛུམ་སྙིང་གཏམ་གྱིས།།
བདག་གི་སེམས་པ་བཟི་བར་བྱས་པས་ཉིན་དང་མཚན་གྱི་དབྱེར་མ་ཆོད།།
དབྱར་གྱི་དུས་སྟོན་གསལ་བར་མངོན་དུས་ཁུ་བྱུག་གྲེ་འགྱུར་ལྷང་ལྷང་སྒྲོག།
ཁ་བཏགས་དང་མཚུངས་ཆུ་འཛིན་དཀར་པོ་མཐོན་མཐིང་མཁའ་ན་ལང་ལོང་གཡོ།།
མག་མོག་མི་ཚེའི་དཀྱོག་མཚམས་ཤིག་ན་མཛའ་བའི་གསང་གཏམ་ཤབ་ཤུབ་བཟློ།།
སྙིང་སྡུག་དགའ་མའི་བརྩེ་བ་བསམ་ནས་ཁོ་བོའི་དུང་སེམས་ལྷོག་ལྷོག་འཕྱུར།
དྭངས་ཤིང་གཙང་བའི་དལ་འབབ་འགྲམ་དུ་སྒེག་པའི་ལུས་པོ་ཁྲུས་ལ་འཇུག།
འབུར་དུ་མངོན་པའི་འོ་འཛིན་ཟུང་ནི་སྲབ་འཇམ་གོས་ཀྱི་ཁུར་དུ་ལྕི།།
ཆུས་ཁེབས་སྐྲ་ལོ་རྒྱབ་ཏུ་གཡུག་བཞིན་རྒྱང་རིང་མཁའ་མཐའི་མཚམས་ལ་ཅེར།།
དཀྱུས་རིང་འདྲེན་བྱེད་རེ་བའི་ཁེངས་ཤིང་རབ་མཛེས་ཞལ་གྱི་འཛུམ་བརྒྱ་དགོད།།
གཡུ་ལོ་དགོད་པའི་སྤང་ཐང་ཡངས་པོར་མེ་ཏོག་སྣ་ཚོགས་ལྷམ་མེར་བཀྲ།།
གཤིས་འཇམ་རི་སྐྱེས་མ་བུ་འགྲོགས་ནས་བཅུད་ལྡན་རྩྭ་ཆུའི་དཔལ་ལ་རོལ།།
མཛའ་མོ་ངེད་གཉིས་ལག་ཟུང་འཁྱུད་ནས་འཚོ་བའི་བདེ་སྐྱིད་གླུ་རུ་ལེན།།
བགྲང་ཡས་སྲོག་ཆགས་ཁ་ཁུ་སིམ་མེར་མགྲིན་པ་འཁྱོགས་བཞིན་གཞས་ལ་ཉན།།
མཆུ་དང་མཆུ་སྒྲོ་འཕྲད་པའི་བར་ན་འདོད་བརྩེ་མེ་དཔུང་ལྷབ་ལྷུབ་འབར།།
ལུས་དང་ལུས་པོ་འཁྱུད་པའི་བར་ན་བདེ་དྲོད་གངས་ཆུའི་ཞུགས་ཐིགས་འབབ།།
སེམས་དང་སེམས་པ་འདྲིས་པའི་བར་ན་སྤྲོ་དགའི་མྱོས་བའི་དགའ་སྟོན་གསལ།།
ཕན་ཚུན་ཡིད་ཀྱི་དྲན་ཤིང་ངོས་སུ་མཛའ་བའི་འདབ་མ་འཛུམ་བརྒྱ་གྲོལ།།
སེམས་ཁམས་མཚོན་པའི་མེ་ཏོག་སེར་ཆེན་ཕན་ཚུན་ལག་སྐྱེས་ཚུལ་དུ་ཕུལ།།
སྒྱུ་མའི་ལུས་པོ་མ་འཇིག་བར་དུ་མི་འབྲལ་དམ་བཅའ་སྙིང་ལ་བཀོད།།
ཡུན་ཐུང་མི་ཚེའི་ཤུལ་ལམ་འདི་ནས་བདེ་སྡུག་འཚོ་བ་གང་རོལ་ཀྱང༌།།
དཔུང་བ་མཉམ་གཤིབ་སེམས་པ་མཉམ་བསྲེས་མི་འགྱུར་རྡོ་རྗེ་བྲག་རིའི་སྤུན།།
ཞུ་ལན་གྲང་མོ།
ཉམ་ཆུང་ཕལ་བའི་ཁྱིམ་དུ་ནར་སོན་པས།། སྐུ་ངོར་དགའ་བའི་སྤྲེལ་ལད་འཁྲབ་མ་ཤེས།།
གུས་ཆུང་བརྩོན་ལྡན་ཁྱིམ་དུ་ནར་སོན་པས།། ལྕམ་མོར་སྤྲོ་བའི་འཛུམ་དཀར་སྟོན་མ་ཤེས།།
དྲིན་ཆེན་ཨ་མའི་བྱམས་བརྩེ་ཐོབ་ཡོད་པས།། ཡུལ་གྱར་འཚོ་བ་སྡུག་པོར་གོམས་མ་ཐུབ།།
ནང་མི་སྤུན་ཟླའི་མཛའ་བརྩེ་གཏིང་ཟབ་པས།། རྒྱུས་མེད་མི་ཡི་མཐོང་ཆུང་ཁུར་མ་ཐུབ།།
འདོད་ཆུང་དཀྱུས་མའི་འཚོ་བར་གོམས་ཆེ་བས།། འདོད་པ་གཡང་འགུག་བྱེད་ཚུལ་ངས་མ་ཤེས།།
གཉོམ་ཆུང་དམན་པའི་སྤྱོད་པར་འདྲིས་ཆེ་བས།། གུས་གུས་ཞུམ་ཞུམ་ཟློས་གར་རྩེན་མ་ཤེས།།
བསམ་བྱུང་བསམ་བྱུང་རང་གི་འདུན་མ་བསམ།། དྲན་བྱུང་དྲན་བྱུང་བྱམས་ལྡན་ཨ་མ་དྲན།།
སྐྱོ་བྱུང་སྐྱོ་བྱུང་གཞན་གྱི་ཡུལ་ནས་སྐྱོ།། བསྡད་ཀྱིན་བསྡད་ཀྱིན་སྙིང་གི་འཕར་རྩ་བསྡད།།
རང་མཐོང་ཆེ་བས་སྐུ་ངོ་སྐུ་ལྕམ་ཚོ།། མཐོང་ཆུང་ཟུར་མིན་རྣོན་པོ་མ་འཕེན་དང༌།།
བོད་འབྱོར་བདག་ཀྱང་ཁྱེད་ཚོའི་སྤྱན་ལམ་ནས།། ཡལ་འདོད་ཀུན་སློང་འགོག་མེད་སྐྱེས་སོ་ལོ།།
༡༦།༥།༩༨ཉིན་བྲིས།།
དྲན་པའི་གསལ་འདེབས།།
དྭངས་གཙང་ཆུ་རླབས་གཡོ་བའི་འབབ་ལྡན་མ།། གཉེར་རིས་མེ་ཏོག་འཐོར་བའི་ཉམས་ཀྱིས་བགྲོད།།
ལང་ཚོའི་སྒེག་འཆོར་ངོམས་པའི་ན་གཞོན་ཚོས།། རང་རང་གཟུགས་ཀྱི་མཛེས་ཆོས་ཅི་ཡང་སྟོན།།
སྲབ་འཇམ་གོས་རྣམས་བྲང་གི་ནུ་མར་འབྱར།། དཀར་ཟླུམ་བརླ་ཡི་འདབ་མ་ཀུན་ཏུ་བསྐྱོད།།
རླབས་ཀྱི་ལག་པ་མཛའ་མོའི་ལུས་ལ་འཁྱུད།། འདོད་ལྡན་དགའ་བའི་རོལ་མཚོ་འདི་ན་འཕྱོ།།
བཀོད་ལེགས་མུ་སྟེགས་ལྷ་ཁང་ཆེན་མོའི་ནང༌།། གསལ་གསལ་ཅོང་སྒྲ་སྙན་མོ་གྲགས་པའི་ཚེ།།
བྱམས་ལྡན་ཨ་མའི་གསུང་སྐད་གསལ་ལེར་ཐོས།། གནས་འདིའི་ཡོད་ཚད་དྲན་པའི་གསལ་འདེབས་ཉིད།།
རང་བྱུང་ཕུག་པ་ཉམས་དགའི་ཁང་བཟང་དུ།། གྲངས་མེད་ཆུ་ཐིགས་དངུལ་བྱེ་ཇི་བཞིན་འབབ།།
གྲོགས་མེད་ཁེར་རྐྱང་ས་མཐའི་འཁྱམ་པོ་ཡི།། མིག་ཆུའི་བསིལ་བ་སྙིང་གི་དབུས་སུ་ལྷུང༌།།
ཕ་འཛོམས་མ་འཛོམས་ཀུན་ཀྱང་འདི་ལ་སྐྱིད།། སྤུན་མཆེད་མིང་སྲིང་ཀུན་ཀྱང་འདི་ན་སྤྲོ།།
མཛའ་མཐུན་ཕོ་མོ་ཀུན་ཀྱང་འདི་ན་འགྲོགས།། འཁྱམ་པོ་བདག་ལ་བདེ་བའི་གོ་སྐབས་བྲལ།།
༡༧།༥།༩༨ཉིན་རྡེ་ར་རྡུང་ནས་བྲིས།།
དད་པ་བཅོས་མ།
དེ་རིང་གཞིས་ཆགས་དོན་འགྲུབ་གླིང་དུ་འབྱོར།། རྨད་བྱུང་བྱོན་ལེགས་སྟོན་སྐུ་ཆེན་མོར་མཇལ།།
རང་དབང་མེད་པར་པུས་མོ་ཐང་ལ་ལྷུང༌།། ཐལ་སྦྱར་བར་ནས་གསོལ་འདེབ་གྲངས་མེད་བཞུར།།
འབྱོར་ལྡན་མི་སྣས་བཞེངས་བའི་སྟོན་སྐུ་ལ།། བཅོས་མིན་དད་གུས་སྤུ་ལོང་ལྡང་ན་ཡང༌།།
ཀུན་རྟོག་བདག་མེད་ཅང་ཤེས་འགྲོས་ལྡན་པ།། ཉམ་ཐག་བོད་མིའི་སྐྱིད་སྡུག་ཐང་ལ་ཤོར།།
ཀྱེ་ཀྱེ་ནུས་མཐུ་མངའ་བའི་སྟོན་པ་ལགས།། ཚད་མེད་ཐུགས་རྗེ་ཡོད་པ་བདེན་ངེས་ན།།
རྒྱ་མིས་མནར་གཅོད་མྱོང་བའི་གངས་ཅན་པར།། བདེ་བའི་ཐབས་ལམ་ད་ལྟ་ཉིད་དུ་སྩོལ།།
དགྱེས་འཛུམ་ཉམས་ཀྱི་འགྱིང་བའི་སྟོན་སྐུའི་དྲུང༌།། རེ་བསྐུལ་ཉམ་ཆུང་བུང་བའི་གྲེ་འགྱུར་འདི།།
ས་མཐར་འཁྱམ་པའི་མགོན་མེད་སྤྲང་ཕྲུག་ལ།། སེམས་ཀྱི་ངལ་གསོ་ཅུང་ཟད་ཐོབ་སླད་བརྗོད།།
༡༧།༥།༩༨ཉིན་རྡེ་ར་རྡུང་ནས་བྲིས།།
སྙིང་ནས་ཤོར་བའི་གཞས་ཆུང༌།།
རྣམ་དཔྱོད་རལ་གྲི་འཕྱར་ཐེངས་གཅིག་གིས་རྨོངས་བའི་རྣོ་སྐུད་བརྒྱ་ཕྲག་གཅོད།།
དོན་ལྡན་ཚིག་གི་ལག་འབོམ་གཡུག་པས་ཁ་གཏད་བྲག་རི་ལྷག་མེད་གཏོར།།
དགྱེས་འཛུམ་ཞལ་གྱི་འོད་དཀར་ཕྲ་མོས་སྐྱེ་དགུའི་སྙིང་ལ་ཞི་བདེ་བསྐྲུན།།
གངས་རིའི་མགོན་པོ་རྒྱལ་དབང་མཆོག་ནི་གཏན་དུ་ཁོ་བོའི་སྙིང་ན་བརྗིད།།
གངས་ཀྱི་རི་བོ་རྒྱབ་ཏུ་བཞག་ནས་རྒྱ་གར་ཚ་བའི་ལུང་པར་སླེབས།།
བརྩེ་ལྡན་ཨ་མའི་བྱམས་བརྩེ་བོར་ནས་རྒྱུས་མེད་མི་ཡི་བྲན་དུ་རྒྱུགས།།
ལམ་ཁ་མེད་ཀྱང་བགྲོད་འདོད་གོམ་ཁ་གཞན་དབང་ལྕགས་ཐག་སྲ་མོས་བཅིང༌།།
ཡུལ་གྱར་སྤུན་ཟླའི་དཀའ་སྡུག་འཚོ་བ་རྫོགས་ཚིག་ཐོབ་པའི་དུས་ནམ་ཞིག།
ལྷ་སྒྲུང་རིང་མོའི་ཟློས་གར་གཅིག་གིས་གངས་ཅན་ལྗོངས་ཀྱི་ལོ་རྒྱུས་མཚོན།།
རྒྱལ་སྲིད་སྐྱོང་བའི་ཐབས་ལ་རྨོངས་ནས་རང་གི་ཕུན་ཚོགས་གཞན་ལ་སྤྲད།།
གངས་སེང་དར་ཆ་མགོ་ལ་བསྒྲེངས་བཞིན་རང་རིགས་ལ་རྒྱ་རྐུབ་ལ་གཡུག།
མ་འོངས་མདུན་མ་རྨི་ལམ་འདྲ་བོ་རྨིས་ཀྱིན་རྨིས་གྱིན་དབྱིངས་སུ་ནུབ།།
རང་དོན་རིན་མེད་ཁབ་སྐུད་ཙམ་རང་གསེར་གྱི་ལྷུན་པོ་ལས་ཀྱང་གཅེས།།
ཁ་བ་རི་བའི་བདེ་སྡུག་གནས་སྟངས་ཡིད་ཀྱི་རྒྱ་ལས་རིང་དུ་དོར།།
གསལ་ཁ་མེད་པའི་ལམ་ཁ་ཞིག་ནས་སྲིད་དོན་ཁ་ཕོ་གཞན་ལས་མཐོ།།
དེང་གི་སྤྱི་ཚོགས་ཡིད་ལ་བསྒོམ་དུས་མུན་པའི་དཀྱིལ་འཁོར་སྔར་ལས་ཟབ།།
སྒྱུ་མའི་ཟློས་གར་འཁྲབ་ཐེངས་གཅིག་གིས་ང་རང་རྒྱ་གར་ཡུལ་ལ་འཕངས།།
ཀྱེ་ཧུད་བརྩེ་བའི་ཨ་མ་མཆོག་ནི་འདྲེན་བྱེད་ལམ་ནས་རིང་དུ་གྱུར།།
མཆི་མའི་རྡོག་ཕྲེང་སིལ་བར་ཐོར་བ་གཏན་དུ་བཞག་པའི་དྲན་ཤིང་ཡིན།།
ད་ནི་ཨ་མ་སྙིང་ལ་སྒོམ་ནས་ལོ་ཟླའི་ཁུག་པ་སོར་མོས་བགྲང༌།།
འཁྱར་འཁྱོར་གོམ་པའི་འདེགས་འཇོགས་བསྒྱུར་དུས་ཨ་མར་རེ་བ་བརྒྱ་ཕྲག་བསྐྲུན།།
དབྱངས་གསལ་སྒྲ་སྙན་རྣ་བར་ལྷུང་དུས་ཨ་མའི་ཡིད་ལ་མྱོས་བ་ཐོབ།།
མ་བཅོས་ལྷུན་གྲུབ་བྱིས་པའི་འཛུམ་མདངས་ཨ་མར་མཛེས་པ་ཀུན་གྱི་མཆོག།
འོན་ཀྱང་མི་ཟད་བདེ་དགའི་ཕུན་ཚོགས་དེ་རིང་མིང་གི་ལྷག་མར་གྱུར།།
ལོ་ཟླའི་ཕོ་ཉ་ཕྱི་བལྟས་མེད་པར་མགྱོགས་པའི་གོམ་སྟོབས་རྒྱང་ལ་བསྲིང༌།།
བུ་ཆུང་བྲལ་བའི་སྐར་ཆ་རེ་ཡང་ཨ་མར་མཚོན་ན་བསྐལ་བ་སྟོང༌།།
ཅི་ཙམ་དྲན་ན་དེ་ལས་ལྷག་པར་དྲན་གདུང་རྦ་ཀློང་རབ་ཏུ་འཁྲུགས།།
བཟློག་མེད་དུས་ཀྱི་བགྲོད་པ་དེ་ཡིས་འགྲོ་ཀུན་སྡུག་བསྔལ་ཀློང་ལ་འཕེན།།
རྡ་སའི་མཚན་གཅིག།
ལས་ཀ་ཚར་རྗེས་དམིགས་ཡུལ་མེད་པར་དོར་མའི་ཁྲོམ་ལ་འཁྱམ་པའི་ཚེ།།
ང་ཡིན་སྙམ་པའི་མཛེས་མ་ཞིག་ལ་མིག་གི་མདའ་མོ་འཕེན་རེས་བྱས།།
སྐུ་པར་མགོ་ལ་འཇོག་དགོས་བྱུང་ན་རང་ལ་དཀའ་ལས་རེད་བསམ་ནས།།
སེམས་ཀྱི་ཐག་པར་གཟུགས་པོ་དྲུད་ནས་མི་རྐྱང་སྡོད་སའི་ཁང་བར་ལོག།
ཉེ་སྔོན་ཨ་རིའི་མདོག་ངན་མ་ཡིས་ང་ལ་འཐམ་འཁྱུད་བྱེད་བཞིན་དུ།།
དོ་དགོང་ཁྱེད་རང་ཁོ་མོའི་ནང་དུ་སྐྱིད་པོ་གཏོང་དུ་ཡོང་དགོས་ཞེས།།
སྐྱུར་དྲི་ཁ་བའི་འོ་དང་མཉམ་དུ་རྣ་བའི་བཅུད་དུ་གསུང་ཡོད་ཀྱང༌།།
ཁྱེད་ཀྱི་དྲི་བཟང་རྣ་ལ་འཐུལ་ན་འདོད་པའི་རི་བོང་རི་ལ་བྲོས།།
ལས་ཀ་མེད་ཀྱང་ཁོམ་ལོང་བྲལ་བའི་གྲོགས་པོ་ཁ་མཁས་ཁོང་དང་འཕྲད།།
བདེན་པ་མིན་ཀྱང་བདེན་པ་ཇི་བཞིན་བུ་མོར་ཇི་ལྟར་ཉལ་ཚུལ་དང༌།།
ཁྲོམ་གྱི་བརྙན་འཕྲིན་ཡག་པོ་ཡོད་ཚུལ་ཁ་ཆུ་བཞུར་བཞིན་ལབ་པ་ན།།
རང་དབང་མེད་པར་དུ་སྨིག་འཐིབས་པའི་བརྙན་འཕྲིན་སྟོན་སར་འགྲོ་དགོས་བྱུང༌།།
མི་གསོད་ཁྲག་སྦྱོར་མཚར་དུ་བརྩི་བའི་བོད་རིགས་གཞོན་སྐྱེས་མང་པོའི་ལྷན།།
ཚིག་ལ་ཉན་ཅིང་རྣམ་འགྱུར་ལ་བལྟས་ལྟད་མོའི་གོ་དོན་རྟོགས་ཙམ་བྱུང༌།།
དབྱིན་སྐད་ཕྲན་ཙམ་སྦྱངས་པ་དེ་ཡང་ཕན་ཐོགས་ཅུང་ཟད་ཡོད་པ་འདྲ།།
མགོ་སེར་དེ་ཚོས་མཚར་སྐད་རྒྱབ་པ་དེང་སང་ཧ་ལམ་ཤེས་ཀྱི་འདུག།
ལྟད་མོ་གཉིས་ལ་རྒྱ་མིའི་གུང་ཧཕུའུ་བལྟ་མཁན་མང་དུ་ཕྱིན་པ་དང༌།།
ཅུང་ཟད་རྗེས་ལ་སྡོད་ས་བརྩད་ནས་ཕན་ཚུན་རྐུབ་སྟེགས་གཞུ་རེས་བྱས།།
དངུལ་སྒོར་བཅུ་བོ་དོན་མེད་སྤྲད་པས་ཕངས་སེམས་དབང་མེད་ཤོར་བཞིན་དུ།།
གོམས་ཕྱོགས་ཤིག་གིས་ཡང་བསྐྱར་ཁྲོམ་ལ་སྐོར་བ་ཐེངས་གཅིག་རྒྱག་དགོས་བྱུང༌།།
བུ་མོ་དེ་ཚོས་དབུ་སྐྲ་བཅད་ནས་མགོ་རིལ་རྐུབ་བརྒྱངས་སྒེག་ཉམས་ཅན།།
ཕོ་གསར་དེ་ཚོས་དབུ་སྐྲ་བསགས་ནས་མགོ་གཟེངས་རྫིག་པོའི་བཟོ་ལྟ་ཅན།།
བོད་མིའི་ལུགས་སྲོལ་རིང་དུ་བོར་ནས་ཁྲོམ་དུ་འདོད་པའི་བསྟན་བཅོས་འཁྲབ།།
ཡིད་ནས་འཐད་ཀྱང་བག་ཡོད་ཚུལ་གྱིས་དེ་ཚོར་མིག་ལོག་བལྟ་ཙམ་བྱས།།
ད་ནི་རྒྱུ་མའི་གྲོང་ཁྱེར་ནང་དུ་འདྲ་མིན་སྒྲ་དབྱངས་འབྲུག་སྟོང་ལྡིར།།
དགུང་དྲོའི་ཁ་ལག་དུས་སུ་བབས་པའི་ཟ་ཁང་རྫིག་པོ་འཚོལ་དུ་ཕྱིན།།
ཤ་ཐུག་གཅིག་དང་འོ་ཇ་ཕོར་གང་མིག་བཙུམ་རྒྱབ་ནས་འཐུང་ན་ཡང༌།།
སྦྱིན་བདག་དྲུང་དུ་དངུལ་ལོ་བརྩི་དུས་ལག་ཟུང་འདར་ནས་དར་ལྕོག་འདྲ།།
ཁ་འདིའི་ཆེད་དུ་ཁ་སེམས་དལ་མེད་ཁ་བའི་ལས་དོན་སྒྲུབ་ཁུལ་བྱས།།
ཁ་མཁས་དཔོན་པའི་ཁ་ཚིག་གཅིག་གིས་ཁ་བ་གངས་ཡང་ནག་པོར་བཟོས།།
ཁ་ནས་མ་ལབ་ཁ་ཁུ་སིམ་པོར་ཁ་ལན་སློག་པའི་ཐབས་བཙལ་ཀྱང༌།།
ཁ་རྒོད་དེ་ཚོའི་ཁ་ཁོག་གཉིས་ནས་ཁ་བ་གཞོན་ནུ་ཕམ་པར་བྱས།།
བདག་མེད་ཁྱི་རྒན་དྲན་པ་བོར་ནས་ཁྲོམ་གྱི་གད་རྙིགས་ཟས་སུ་བསྟེན།།
བོད་འབྱོར་རྣམས་ལ་གླེན་རྟགས་ཚ་བས་རང་རིགས་ཁྲོད་དུ་རིན་ཐང་ཆུང༌།།
དུས་དང་ཁོར་ཡུག་བཙོག་པོ་འདི་རུ་བགྲོད་སའི་ལམ་ཁ་དོགས་དྲག་ནས།།
གྲོགས་མེད་གཞོན་ནུའི་གནས་སྐབས་མི་ཚེ་དྲོ་བ་མེད་པའི་ལྟད་མོར་གྱུར།།
ཀྱག་ཀྱོག་ལམ་ཁ་མང་པོ་བརྒྱུད་ནས་ཁང་ཆུང་གྲུ་བཞིའི་ནང་དུ་སླེབས།།
རྐམ་རིད་གཟུགས་པོ་གཡུག་ཐེངས་གཅིག་གིས་དྲོད་མེད་ཉལ་ཁྲིའི་སྒང་ལ་ལྷུང༌།།
འགྲུབ་མེད་སྟོང་འདང་ཀློང་རིམ་འགྲིམ་ནས་གཉིད་ཀྱི་དགའ་མ་གྲོགས་སུ་བསུས།།
མཚན་མོ་གཅིག་ལ་ཕུད་རྒྱག་བྱས་བསམ་ང་རྒྱལ་ངུར་སྒྲས་ཁང་མིག་འགེངས།།
