ཚོར་བ་སྐྱུར་མོ། (ལྷུག་རྩོམ་སྐོར)

གངས་རིའི་བརྩེ་སེམས།

རྒྱང་རིང་ན་ཀྲོང་ངེར་འགྱིང་བའི་གངས་རི་མཐོང་ཐེངས་རེར་སྙན་ངག་འབྲི་འདོད་སྐྱེས་མོད། ཤོག་གུ་མདུན་དུ་བཞག་ནས་འབྲི་མགོ་བརྩམས་དུས་དཀར་གཙང་གཙང་གི་འཇིག་རྟེན་ཞིག་ལས་ཡིད་ལ་ཅི་ཡང་འཆར་མ་བྱུང༌། རང་ཅག་གངས་ལྗོངས་ཀྱི་མཁས་དབང་རིམ་བྱོན་གྱིས་གངས་རི་ལ་བསྟོད་པའི་སྙན་ཚིག་ནི་གཙུག་ལག་གི་སྐྱེད་ཚལ་ནས་བཞད་ཅིང་སྡེབ་ལེགས་ཀྱི་མཚར་སྡུག་རྣམ་པར་རྒྱས་པའི་མེ་ཏོག་ལྟར་བགྲང་གིས་མི་ལང་བ་ཞིག་བརྩམས་ཡོད་ན་ཡང༌། དེ་ནི་གངས་རིའི་བརྗིད་ཉམས་དང་རང་མདངས་ཙམ་ལ་བསྟོད་པ་ལས། གངས་རིའི་སེམས་ཁོངས་ཀྱི་རེ་སྨོན་བརྗོད་མེད་པར་མ་ཟད། གངས་རི་ལས་བཞུར་བའི་གཏམ་རྒྱུད་དམར་པོ་ནི་བློ་གྲོས་ཀྱི་ལྡིང་ཁང་ནས་ཡལ་བར་དོར་འདུག གངས་རིའི་ཞིང་ཁམས་ནས་སྐྱེས་བའི་སེང་ཕྲུག་རྣམས་ལ་མཚོན་ན་གངས་རི་ལ་བཅོལ་བའི་རེ་སྨོན་ནི་ནམ་མཁའ་ལྟར་ཁྱོན་ཡངས་པ་དང༌། གངས་རིས་ང་ཚོར་བཅངས་བའི་བརྩེ་དུང་ནི་རྒྱ་མཚོ་ལས་གཏིང་ཟབ་པ་ཞིག་ཡིན་པ་རྟོགས་ཡོད་ངེས། མཐིང་མདོག་གི་འཇིག་རྟེན་འདི་རུ་ང་ཚོའི་ཚེ་སྲོག་གི་མྱུ་གུ་འབུས་མགོ་བརྩམས་པ་ནས་བཟུང༌། གངས་རིའི་བཀའ་དྲིན་ཁོ་ན་ལ་བརྟེན་ནས་འཚར་ལོངས་བྱུང་བས། ང་ཚོའི་ལམ་སྟོན་ཉག་གཅིག་ནི་ཁ་བའི་རྡུལ་མང་བརྩེགས་པའི་ལྷུན་པོ་ཁྱེད་མ་ཡིན་ནམ། ཁྱེད་ཀྱིས་རང་ཉིད་ཀྱི་རང་ཉིད་ཀྱི་ཡོད་ཚད་མི་ཡུལ་ལ་སྦྱིན་ན་ཡང༌། ལང་ཚོའི་གཟི་དཔལ་སྔར་ལས་ལྷུན་ཆགས་དང༌། སྔར་ལས་མཛེས་སྡུག་ལྡན་པས། འཛམ་གླིང་ཤེས་ལྡན་ཡོངས་ཀྱིས་གངས་དཀར་ལྷུན་པོའི་གཞན་ཕན་གྱི་ལྷག་བསམ་ལ་བསྔགས་བརྗོད་ཀྱི་དབྱངས་སྙན་བར་མེད་དུ་སྒྲོགས་བཞིན་ཡོད་པ་ཁྱེད་ཀྱིས་གསན་ཨེ་བྱུང༌། གངས་དཀར་ལྷུན་པོ་ལགས། ཁྱེད་ཀྱི་མངལ་ཁུར་ལས་འཁྲུངས་བའི་ཆུ་དང་གཙང་པོས་ལྷུང་ལྷུང་གི་གླུ་གཞས་གྱེར་བཞིན་རབ་ཡངས་ཆུ་གཏེར་ཆེན་པོ་རྣམ་བཞིར་འབབ་པའི་ངང་ཚུལ་ལ་བསམ་ན། ཁྱེད་ནི་འཛམ་གླིང་སྣོད་བཅུད་སྐྱོང་བའི་མ་མ་དང༌། ཞི་འཇམ་ཕན་བདེ་བསྐྲུན་པའི་གཞི་མ་ཡིན་པ་རྟོགས་ཐུབ། དེ་མ་ཟད་མཚུངས་མེད་ཞི་བདེ་དེད་དཔོན་མཆོག་ཀྱང་ཁྱེད་ཀྱི་སྙིང་དབུས་སུ་བཞད་པའི་མེ་ཏོག་གངས་ལྷ་ཡིན་པས། ང་ཚོའི་འཚོ་བ་ལ་ཁྱེད་ལས་ལྷག་པའི་མགོན་སྐྱབས་དང་དཔུང་གཉེན་ཞིག་མེད་པ་དང༌། ང་ཚོའི་མི་རབས་རྗེས་མ་རྣམས་ཀྱང་ཁྱེད་ལ་བརྟེན་དགོས་པ་སྨོས་ཅི་འཚལ། འོན་ཀྱང༌། དུས་རབས་ཤིག་གི་བར་མཚམས་སུ། མེ་སྒྱོགས་དང་འབར་རྫས་ཀྱི་ལྡིར་སྒྲའི་ཁྲོད་དུ་གཤིན་རྗེའི་གྲོང་ཁྱེར་གྱི་རྫིག་ཉམས་མངོན་པ་དང༌། འོ་དོད་དང་སྨྲེ་ངགས་ཀྱི་ཀློང་ནས་འུ་ཐུག་གི་གདོང་གཤིས་མཐོང་ཡོང་དུས། ཁྱེད་ཀྱི་བཞིན་རས་ངོས་ནས་དམར་པོ་ཁྲག་གི་མཚམས་སྤྲིན་འཕྱུར་བཞིན་ཡོད་པ་མ་ཟད། ཁྱེད་ཀྱི་སྙིང་ནོར་ཡང་ཁྱེད་དང་གྱེས་ནས་རྒྱང་རིང་གི་ཡུལ་འཁྱམས། སྐབས་དེར༌། ཕ་མ་བྲལ་བའི་དྭ་ཕྲུག་གི་མིག་ཆུས་ཁྱེད་ཀྱི་སྙིང་ཁ་བརླན་པས། འོད་སྟོང་ཅན་གྱིས་ཀྱང་ཁྱེད་ཀྱི་ལས་སྐལ་ལ་སེམས་ཁྲལ་བྱེད། ཀྱེ་ཧུད། གཙུག་ལག་ཞུགས་ལ་གཞེན་པའི་ཐལ་ཕུང་དང༌། རང་རིགས་དམར་གསོད་བཏང་བའི་ཁྲག་དྲོན། རིན་ཆེན་གཏེར་ནས་བཏོན་པའི་སྙིགས་རོ། མི་དམངས་བྲན་དུ་བཀོལ་བའི་རྔུལ་ཆུ་སོགས་ཀྱིས་ཁྱེད་པ་བཟོད་པར་དཀའ་བའི་ན་ཟུག་བྱིན་ཡོད་ན་ཡང༌། ཁྱེད་ཀྱིས་དཀའ་སྡུག་ལ་བཟོད་བསྲན་དང༌། རྫུན་སྤངས་བདེན་བླངས་ཀྱི་ཐབས་ལམ་བརྒྱུད་ནས་སྙིང་སྟོབས་ཀྱི་མགོ་འཕང་དགུང་དུ་བཏེགས་བྱུང་བས། ཁྱེད་ཀྱི་ལྷག་བསམ་ལ་དངུལ་དཀར་ཞུན་མའི་མཆོད་རྟེན་དང༌། ཟླ་བ་སྟོང་གི་འོད་ཟེར་གྱིས་བསྒྲུན་པའི་གོ་སྐབས་ནི་ནམ་མཁའི་པད་མོ་དང་ས་ཡི་འཇའ་ཚོན་གྱི་མཆེད་ཟླར་གྱུར་ཡོད། ཀུན་གསལ་ཐང་ལ་ལྷུང་འདྲའི་མཚོ་དང་མཚེའུ་ནི་ཁྱེད་ཀྱི་མིག་འབྲས་ཡིན་ལ། ཝུ་དཀར་གྱི་རླབས་ཕྲེང་མཁའ་ལ་འཕྱོ་བའི་ཆུ་དང་གཙང་པོ་ནི་ཁྱེད་ཀྱི་ཟུངས་ཁྲག་ཡིན། དེ་མ་ཟད། མཐའ་ཡས་པའི་རྩ་ཐང༌། སྔོ་ལྗང་གི་ནགས་ཚལ། ཡིད་འོང་གི་སྐྱེལ་ཚལ་སོགས་གནས་འདིའི་ཡོད་ཚད་ཁྱེད་ཀྱི་མཛེས་སྐུ་རེད། དེའི་ཕྱིར་གོ་ལ་ཟླུམ་པོའི་ཁྱོན་འདིར། ཁྱེད་ཀྱི་མཛད་འཕྲིན་དང༌། ཁྱེད་ཀྱི་གཤིས་འཇམ། ཁྱེད་ཀྱི་ཀུན་སྤྱོད། ཁྱེད་ཀྱི་ལྷག་བསམ་ལ་སློབ་སྦྱོང་དང་རྟོག་ཞིབ་བྱེད་བཞིན་པའི་དྲན་དབང་ནི་དབྱར་དུས་ཀྱི་ཆར་སྤྲིན་ཇི་བཞིན་དཔོག་པར་མི་ནུས་པ་མ་ཟད། སྐྲ་ལོ་དུང་ལྟར་དཀར་བའི་རྒན་རྒོན་ནས་འོ་འཛིན་ཁ་རུ་བཟུང་བའི་བྱིས་པ་ཚུན་ཆད་ཀྱིས་གངས་རི་དཀར་བོའི་རྟོགས་བརྗོད་གླུ་རུ་གྱེར། ལན་རེར་ཆུ་འཛིན་ནར་མོ་འགའ་ཁྱེད་ཀྱི་མགུལ་བར་འཁྱུད་དུས། ངའི་མཐོང་སྣང་ལ་བཀའ་དྲིན་ཅན་གྱི་ཡུམ་ཆེན་མའི་མགུལ་དུ་དྲི་མེད་ཀྱི་ཁ་བཏགས་ཀྱིས་བརྒྱན་ནས་གཞན་ཡུལ་འགྲིམ་པའི་བུ་ཆུང་ལ་འཁྲེང་བའི་ཕྱི་མིག་གིས་བལྟ་བ་དང་ཀུན་ནས་མཚུངས་པས། སྐྱོ་གདུང་གི་མིག་ཆུ་སྙིམ་མཐིལ་དུ་བཟུང་ནས་དྲན་མགུར་ཅོ་ཀའི་གྲེ་འགྱུར་ཞིག་མི་ལེན་ཐབས་མེད་བྱུང༌། ངའི་སྙིང་ནོར་ལགས། ང་ཚོའི་འཚོ་བ་ལ་ཁྱེད་ཉིད་མེད་དུ་མི་རུང་བས། ང་ཚོས་དབུགས་ཀྱི་རྒྱུ་བ་མ་འགགས་བར་དུ༌། ཁྱེད་ཀྱི་སྙིང་སྟོབས་ལ་ཡི་རངས་གོང་བཀུར་བྱེད་པ་མ་ཟད། ཆེས་མཐའ་མཇུག་གི་དབུགས་རྒྱུན་ཡང་ཁྱེད་ལ་བསྟོད་པའི་གླུ་གཞས་ཡིན་པར་གདོན་མི་ཟ། འདི་ནི་ཕྱེ་ལེབ་ལ་ཁྱུང་ཆེན་གྱི་མིང་བཏགས་པའི་རབ་བཏགས་མ་ཡིན་ལ། འབུ་ནག་ལ་གཡུ་འབྲུག་གི་ཆོ་ལོ་སྤྲད་པ་དེ་བས་ག་ལ་ཡིན། འདི་གངས་རི་དང་གངས་ཕྲུག་བར་གྱི་ལྷད་མེད་པའི་བརྩེ་སེམས་ཡིན།

 

ཞོགས་པའི་འཕྲེང་སེམས།

ཆར་བ་སིམ་སིམ་འབབ་པའི་ཞོགས་པ་ཞིག་ལ། ང་རང་དམིགས་ཡུལ་ཅི་ཡང་མེད་པར་ཕ་ཡུལ་གྱི་རྒྱབ་རི་དེའི་སྟེང་འཛེགས་ནས་གནས་འདིའི་ཁོར་ཡུག་ལ་རྒྱང་བལྟ་བྱས་པ་ཡིན། དུད་ཁྱིམ་རེ་རེའི་ཁང་ཀླད་ན་དུ་བ་ལྷོག་ལྷོག་ཏུ་འཕྱུར་བར་གཞིགས་ན། ལས་ལ་བརྩོན་པའི་ཁྱིམ་བདག་མ་རྣམས་ཀྱིས་ཞོགས་ཟས་གཡོ་སྐོལ་བྱེད་བཞིན་ཡོད་པ་ཤེས་ཐུབ༌། སྡེ་བའི་འདབས་སུ་ལྷུང་ལྷུང་དུ་འབབ་པའི་དགུ་ཆུ་སྔོན་མོ་ནི་སྲོག་ལྡན་གྱི་སེམས་ཅན་ཞིག་དང་འདྲ་བར་གསོན་ཤུགས་ལྡན་པའི་ངང་ཤར་ཕྱོགས་སུ་རྒྱུགས་བཞིན་ཡོད་པ་དང༌། ཆུ་འགྲམ་དུ་ཟོ་བ་ཁུར་བའི་གཞོན་ནུ་མ་འགས་མགོ་རུབ་རུབ་བྱས་ནས་བསྡད་འདུག སྐབས་འདིར་ཐང་དཀར་རྒོད་པོ་ཞིག་ངའི་ཀླད་ནས་འཕུར་སོང༌། ངའི་བསམ་པར་རང་ཉིད་ལ་ཡང་མཁའ་དབྱིངས་སུ་རང་དབང་དུ་བསྐྱོད་པའི་འཕུར་རྩལ་ཞིག་ཡོད་ན། ཕ་ཡུལ་གངས་ལྗོངས་དང་གྱེས་ནས་ཡུན་རིང་གི་ལོ་ཟླའི་ཁྲོད་འཚེ་མེད་ཞི་བའི་དགའ་སྟོན་ལ་བརྩོན་ལེན་བྱེད་བཞིན་པའི་༧ གོང་ས་ཡིད་བཞིན་ནོར་བུའི་ཞབས་དྲུང་དུ་འཕུར་ནས་སེམས་ཁོང་གི་སྡུག་བསྔལ་ཞུ་ཐུབ་ན་ཅི་མ་རུང་སྙམ་པ་དང་འཁྱག་སིབ་སིབ་གྱི་ཆུ་ཐིགས་གྲངས་མེད་འགྲམ་པའི་མཁུར་ཚོས་བརྒྱུད་ནས་བཞུར། ངས་མིག་ཆུ་ཕྱིས་རྗེས་ཡང་བསྐྱར་སྡེ་བའི་ཕྱོགས་སུ་བལྟས། བྱིས་པ་འགས་དཔེ་ཁུག་ཆུང་ཆུང་རེ་འཁུར་ནས་སློབ་གྲྭའི་ཕྱོགས་སུ་བསྐྱོད་པ་དང༌། སྡེ་བའི་རྒན་རྒོན་མང་པོ་གཅིག་རྗེས་གཉིས་མཐུད་ཀྱི་སྡེ་བའི་མ་ཎི་ཁང་གི་ནང་དུ་འགྲོ་བཞིན་འདུག བྱིས་པ་དེ་ཚོ་ནི་མ་འོངས་བོད་ཀྱི་བདག་པོ་ཡིན་ན་ཡང༌། ལྷུབ་ལྷུབ་ཏུ་བསྐྱོད་པའི་སྐེ་དཀྲིས་དམར་པོ་དེས། ཁོ་ཚོ་ལ་རྣོ་ལྕགས་ལས་གྲུབ་པའི་ལྕགས་སྒྲོག་རེ་བསྐོན་ཡོད་པ་མཚོན་ཐུབ། ཤུ། ངའི་གྲོང་གསེབ་ད་དུང་གཉིད་ལས་མ་སད་པའི་གྲོང་གསེབ་ཅིག་རེད་ཡ།

གནས་གངས་ཅན་བོད་ཀྱི་བདག་པོ། ལྷ་ཕྱག་ན་པད་མོའི་སྤྲུལ་བ། རྗེ་རྒྱལ་བ་བསྟན་འཛིན་རྒྱ་མཚོ། སྐུ་རི་རྒྱལ་བརྟན་པའི་སྨོན་ལམ། ང་རང་ཕ་ཡུལ་གྱི་རི་ཆུའི་མཛེས་སྡུག་ལ་ཡིད་ཤོར་ནས་བསྡད་ཡོད་པའི་སྐབས་དེར་སྙན་འཇེབས་ཡིད་དབང་འགུགས་པའི་གླུ་སྒྲ་དེས་ངའི་མིག་ཟུང་ཕྱོགས་དེར་དྲངས། གླུ་གཞས་གཏོང་མཁན་ནི་གཞོན་ནུ་མ་ཞིག་རེད། མོའི་ལུས་ལ་ཕྱི་བ་རྙིང་ཧྲུལ་ཞིག་གྱོན་ཡོད་ན་ཡང༌། མཛེས་སྡུག་ལང་ཚོ་ལྡན་པའི་བོད་རིགས་གཞོན་ནུ་མའི་ཁྱད་ཆོས་ཀུན་ནས་ཚང༌། མོའི་མིང་ལ་འཚོ་སྐྱིད་ཟེར། འོན་ཀྱང༌། ཁོ་མོའི་མི་ལོ་ཉེར་གསུམ་གྱི་འཚོ་བའི་ཁྲོད་བདེ་སྐྱིད་ཏིལ་འབྲུ་ཙམ་རོལ་མ་མྱོང༌། ཁོ་མོ་མི་ལོ་བཅུ་ལ་ཉེ་བའི་དབྱར་དུས་ཞིག་ལ་རྒྱ་དམར་གྱི་སྲིད་བྱུས་དྲག་རླུང་དམར་པོས་ཕ་རྒན་ཕྱི་མའི་ལམ་དུ་བརྫངས་པར་མ་ཟད། ཨ་མ་དྲིན་མོ་ཆེས་ཡང་སེམས་སྡུག་བྱས་དྲགས་ནས་ཁྱོ་གའི་རྗེས་སུ་བསྙེགས་པ་རེད། དུས་དེ་ནས་བཟུང་འཚོ་སྐྱིད་ནི་ཕ་མ་མེད་པའི་དྭ་ཕྲུག་དང་གཤོག་རྩལ་མེད་པའི་བྱ་ཕྲུག་ལྟར་གྱུར་སོང༌། མོ་རང་དངོས་གནས་བུད་མེད་ལས་ངན་ཞིག་རེད། མོའི་སེམས་གཅོང་ནི་ཇི་འདྲའི་གཏིང་ཟབ་དང་ཅི་འདྲའི་བཟོད་ཐུབ་མེད་པ་ཞིག་རེད་ཨང༌། ངས་ཁོ་མོའི་ལས་སྐལ་ལ་བསམ་བློ་གཏོང་མི་ཕོད། ཁོ་མོས་སླེ་བོ་ཆེན་པོ་དེའི་ནང་རྩྭ་སྤུངས་རྗེས་ག་ལེར་ཕྱིར་ཕེབས་སོང༌། རིའི་སྐེད་ཙམ་ནས་མར་བསྡད་དེ་རྒྱང་རིང་གི་མཁའ་མཐར་ཅེར། ཁོ་མོས་ཡང་བསྐྱར་ཡིད་དབང་འགུག་པའི་གླུ་གཞས་ཤིག་བཏང་བྱུང༌། ཨ་སྔོན་དབྱིངས་ཀྱི་བྱ་རྒོད། གཤོག་རྩལ་ངོམས་པ་མ་གནང༌། ང་རང་ཕ་མ་དྲན་ནས། སྐྱོ་བ་སངས་ཐུབ་མི་འདུག མོའི་གླུ་གཞས་ཀྱི་འགྱུར་ཁུག་ཁྲོད་ན་བརྩེ་དུང་གི་རྦ་རླབས་འཕྱུར་བཞིན་ཡོད་ལ། སྐྱོ་གདུང་གི་མཆི་མ་ཡང་བཞུར་བཞིན་ཡོད། མོའི་སེམས་ཁམས་ནི་ང་ཚོས་རྟོགས་མི་ཐུབ་པའི་མནར་སྡུག་གི་འཇིག་རྟེན་ཞིག་རེད། སིམ་སིམ་དུ་འབབ་པའི་ཆར་བ་ནི་དངུལ་གྱི་བྱེ་མ་ལྟར་མཛེས་ཤིང་སྙིང་ལ་སིམ། སྐབས་དེར་དུད་སྤྲིན་དང་སྨུག་ཞགས་གཞི་གཅིག་ཏུ་འདྲེས་ཤིང༌། ངའི་མཐོང་ལམ་བསྒྲིབས་པར་གྱུར། བདག་གིས་ཀྱང་འཁྲེང་སེམས་སྣ་མང་གི་ཁུར་བོ་ལྕི་མི་ཞིག་ཁུར་ནས་ཞོགས་པའི་བསིལ་བ་གཏོར་བཞིན་རང་གནས་སུ་ལོག་པ་ཡིན།

ལྷ་མོར་སྤྲིངས་པའི་སེམས་པ།

ཁྱེད་རང་དྲན་པའི་ཉིན་ཞགས་རེ་རེ་ནི་ཅི་འདྲའི་འཁྱོལ་ཐུབ་དཀའ་བའི་དུས་ཚོད་ཅིག་རེད་ཨང༌། ང་རང་ཁྱེད་ལ་དགའ་བའི་སེམས་པ་ནི་ནམ་ཡང་འགྱུར་བ་མེད་པས་ཅི་ཙམ་གྱི་ཁ་བྲལ་བ་ཡིན་ན་དེ་ཙམ་གྱིས་དྲན་གདུང་གི་ན་ཟུག་ཤིན་ཏུ་ཆེ། འོན་ཀྱང༌། འདི་དག་ཡོད་ཚད་ཁྱེད་ཀྱིས་ཅི་ལྟར་རྟོགས་ཐུབ། དྲོ་བ་མེད་པའི་ཉི་མ་རེ་རེ་ངས་འཁྱོལ་ཐབས་བྱེད་ཀྱི་ཡོད་ཀྱང༌། ཟླ་བ་ཤར་བའི་མཚན་མོ་རེ་རེ་ངའི་གཉིད་ཀྱི་བདེ་བ་ཡལ་ནས་ཁྱེད་ཀྱི་འཛུམ་ཞལ་དྲན་ཡོང༌། ཡིན་ན་ཡང༌། ཁྱེད་ཀྱི་གོ་བ་ལེན་མི་ཐུབ་པའི་རྣམ་འགྱུར་དེའི་ངའི་སེམས་ལ་རེ་དོགས་ཀྱི་རི་མོ་མང་པོ་ཞིག་བྲིས་སོང༌། གལ་སྲིད་བརྩེ་དུང་ནི་འགོག་ཐུབ་བྲལ་བའི་གཙང་བོ་ཡིན་པ་བདེན་ན། ཁྱེད་ཀྱིས་སྔོན་འགོག་གི་བྲག་རི་གཏོར་ནས་ཕེབས་ཤོག་དང་ང་ཚོས་སྐྱིད་སྡུག་འདྲེས་མའི་འཚོ་བ་འདི་མཉམ་རོལ་བྱས་ཆོག གལ་སྲིད་བརྩེ་དུང་གི་ལྷོག་ལྷོག་འབར་བའི་མེ་ལྕེ་ཡིན་ན། ཁྱེད་ཀྱིས་མི་ཁ་ཡི་རྩྭ་སྐྱ་སྲེག་བཞིན་ཕེབས་ཤོག་དང༌། ང་ཚོས་ཞི་འཇམ་གྱི་ཞིང་ཁམས་ཤིག་སྙེག་ཆོག ངས་ནམ་རྒྱུན་ཁྱེད་ཀྱི་སྙིང་གཏམ་སེམས་ལ་ཉར་ནས་ཁྱེད་ཀྱི་འོ་མ་ལས་དཀར་བའི་སེམས་ལ་འཁྱུད་པའི་རེ་སྒུག་བྱེད་བཞིན་ཡོད་ཀྱང༌། རེ་སྒུག་ཅི་ཙམ་བྱས་པ་དེ་ཙམ་གྱིས་མྱུར་མོར་མཇལ་འདོད་ཀྱི་བྲེལ་ཤ་བསླངས་ནས་རང་ཉིད་ཀྱིས་འཚོ་བ་ལ་རྨ་ཁ་གྲངས་མེད་བཟོས། ངས་མཚན་མོ་རེ་རེར་ནམ་མཁའི་ཟླ་བར་བལྟས་ནས་ལྷ་མོར་མཇལ་བའི་སྨོན་ལམ་འདེབས་ཀྱི་ཡོད། དུང་ཟླའི་འོད་དཀར་གཅིག་པོས་ང་ལ་སེམས་གསོ་བྱས་ཤིང་སྡོད་རོགས་བྱེད་ཀྱི་ཡོད། ཁྱེད་ཀྱིས་སོམས་དང༌། ང་རང་ཁྱེད་ལ་དགའ་བ་འདི་ཕོ་གསར་གྱི་ཨ་གསར་མ་ཡིན། ཁྱེད་ཀྱི་འཛུམ་མདངས་དང་འཇམ་ཤ་དྲན་ན་ངའི་སེམས་པར་དྲན་གདུང་གི་རྦ་ཀློང་འཁྲུགས་ཡོང༌། དེ་བས་ང་རང་ཁྱོད་ལ་དགའ་བའི་སེམས་པ་འདི་ཁྱེད་ལ་ཇི་ལྟར་སྟོན་དགོས། གལ་སྲིད་ཁྱེད་རང་བརྩེ་དུང་མནར་སྡུག་གི་དྲོ་བ་ཤེས་མཁན་ཞིག་ཡིན་ན་རྩ་ཆེན་གྱི་དུས་ཚོད་འཕྲོ་བརླག་ཏུ་མི་གཏོང་བར་དོན་ལྡན་གྱི་གཏམ་སྙན་ཞིག་གསུང་རོགས། ཟླ་བཞི་བའི་ཁུ་བྱུག་སྔར་ནས་གྲགས་ཚར་ན་ཡང་ངའི་ཁུ་བྱུག་ཁྱེད་རང་ད་དུང་ཁུ་སིམ་སིམ་ཡིན་པའི་རྒྱུ་མཚན་ཅི་ཡིན། ང་རང་ཁྱེད་ལ་དགའ་བ་འདི་ངའི་མི་ཚེའི་འདམས་ཀ་ཡིན་པས་ངའི་འདེམས་ཀ་མ་ནོར་བའི་རེ་སྨོན་ཤིན་ཏུ་ཆེ། བརྩེ་དུང་ནི་ཟིམ་ཟིམ་འབབ་པའི་སྦྲང་ཆར་ཡིན་པས། བསིལ་བསིལ་གྱི་བདུད་རྩི་དེ་ཚ་ལམ་ལམ་གྱི་མེ་ལྕེ་རུ་མ་བསམ། ཁྱེད་ནི་ངའི་སྙིང་གི་ཟེའུ་འབྲུ་ཡིན་པས། ཁྱེད་མེདན་ངའི་སྙིང་ཆུང་སྟོང་བར་གྱུར་བ་མ་ཡིན་ནམ། ཁྱེད་ཀྱིས་ཤེས་དགོས་པ་ནི་ང་རང་ཁུ་སིམ་སིམ་ངང་ཁྱེད་ལ་དགའ་བ་འདི་ཡིན། ཡུལ་དུས་ཀྱི་དབང་གིས་ཡི་གེ་འབྲི་མི་དགོས་ཀྱང་གོ་སྐབས་ཀྱིས་དབང་གིས་བརྗོད་མ་ཐུབ་པའི་སེམས་གཏམ་ཡིག་ཐོག་ཏུ་ཕབ་ཡིན་པས། ཡི་གེ་འདི་ཁྱེད་ཀྱི་སེམས་ལ་ནར་ན་དེ་ནི་ངའི་རེ་སྨོན་ཡིན་ལ་བདེ་སྐྱིད་ཀྱང་ཡིན།

གྲོགས་པོ་ཞིག་གིས་བསྐུལ་བ་ལྟར་རྡ་ས་ནས་བྲིས།

བརྗེད་མེད་དྲན་ཐོ།

རྒྱ་གར་གྱི་ཁྱིམ་བདག་མའི་ཚིག་རྩུབ་ལ་ཉན་རྗེས་ངེད་གཉིས་ཀྱིས་བཟོ་ལྟ་མེད་པའི་ཁང་ཆུང་དེ་ལ་སྒོ་ལྕགས་བརྒྱབ་ནས་ག་ལེར་ཕྱི་ལོག་ལ་འཁྱམས། ཆར་བ་བབས་ནས་གཞུང་ལམ་སྣུམ་ཤུག་ཤུག་ཏུ་གྱུར་འདུག ངེད་གཉིས་ཀྱིས་གྲོས་ཐག་བཅད་རྗེས་རང་རང་གི་སར་ཕྱིན་པ་ཡིན། ང་རང་སྐྱོ་བ་དང་ང་རྒྱལ་གྱི་དབུགས་ཕྲེང་རིང་མོའི་ཁྲོད་རྡ་སྟེང་དུ་སླེབས། འབྲུག་སྒྲ་དང་དྲག་རླུང་འཐབ་པའི་འཚུབ་འཁོར་ནས་གངས་ཆར་མ་ཡིན་ལ་སྦྲང་ཆར་ཡང་མ་ཡིན་པའི་དྲག་ཆར་དེ་འབབ་ཤུགས་ཆེ་རུ་ཕྱིན་པས་བདག་རང་དབང་མེད་པར་སྣེ་ལེན་ཁང་དུ་འཛུལ་དགོས་བྱུང༌། ཆར་གདུགས་ཤིག་ཡོད་ན་ཅི་མ་རུང༌། ངས་བསམ་བློ་གཏོང་བཞིན་རྒྱུས་མེད་ཀྱི་ངོ་གདོང་རེ་རེར་བསྐོར་བལྟ་ཞིག་བྱས་པ་ཡིན། ཉིན་འདི་ཚོར་དངོས་སུ་ཕ་ཡུལ་ནས་སླེབས་པའི་གྲོགས་པོ་དང༌། ཡང་ན་གཉེན་ཉེ། ཐ་ན་ཕ་ཡུལ་གྱི་གནས་ཚུལ་ཤེས་མཁན་ཞིག་ལ་ཐུག་འདོད་ཀྱི་འདུན་པ་ཧ་ཅང་ཆེ། ཡིན་ན་ཡང༌། ཁོ་ཚོའི་ཁྲོད་དུ་ངའི་དྲན་གདུང་གི་ཚ་དུག་ལ་ཕན་པའི་སྨན་པ་གཅིག་ཀྱང་མི་འདུག རེད། ཏག་ཏག་རེད། ང་རང་སྣེ་ལེན་ཁང་དང་བྲལ་ནས་གཙུག་ལག་ཁང་ལ་རྒྱུགས། ཆར་རླུང་འཁྲུག་པོ་དང་རླུང་བདག་རྒན་པོ་གཉིས་ཀྱི་ང་ལ་བསུ་བ་བྱེད་པ་ལྟར། ཤུར་ཤུར་ཤག་ཤག་གི་གླུ་གཞས་ཅི་ཡང་ལེན། ཆར་གདུགས་གཡར་ས་ཕར་བཞག་ང་རང་ཆར་བས་ཁྲོད་ཀྱི་རླུང་རྟར་གྱུར། ད་ནི་ཉིན་གུང་ཡོལ་ཚར་འདུག་ཀྱང་ངའི་གྲོད་ཁོག་སྟོང་བ་སྟོང་རྐྱང་རེད། ང་རང་བློ་ཁོག་ཆེན་པོའི་སྒོ་ནས་མཚན་ཉིད་གྲྭ་ཚང་གི་ཟ་ཁང་ནང་འཛུལ་བ་ཡིན། གྱོན་གོས་ཚང་མ་རློན་པ་ཆགས་ཚར་འདུག ཐུག་པ་དཀར་ཡོལ་ཆེན་པོ་གཅིག་དང་ཇ་མངར་མོ་ཕོར་བ་གཉིས་འཐུང་རྗེས་ལུས་ལ་སྟོབས་ཤུགས་རྒྱས་ཀྱང་སེམས་ལ་སྐྱོ་སྣང་སྐྱེས། ཆར་བ་འབབ་མཚམས་བཞག་ཀྱང་དྲག་རླུང་ད་དུང་སྔར་བཞིན་གཡུག་གིན་འདུག རྡ་ཤོད་ལ་འགྲོ་སའི་རྐང་ལམ་ཕྲ་མོའི་གཡས་གཡོན་གྱི་ལྗོན་ཤིང་རྣམས་སྨྱོན་པ་ཞིག་དང་འདྲ་བར་སྟངས་སྟབས་མ་ངེས་བའི་ཟློས་གར་རྩེན་པ་དང་ཆབས་གཅིག བྱ་བྱིའུ་མང་པོས་ཀྱང་གདངས་མི་སྙོམས་པའི་སྐད་ངན་ཅི་ཡང་སྒྲོགས།  ལྷག་པར་ཁ་ཏྭ་མང་པོས་སྐད་ངན་བར་མཚམས་མེད་པར་སྒྲོགས། ང་ཚོ་བོད་པའི་བཤད་སྲོལ་ཞིག་ལ་ཐན་བྱ་ཁ་ཏྭས་སྐད་ངན་སྒྲོག་པ་ལྟས་ངན་འབྱུང་བའི་སྔ་ལྟས་ཡིན་ཟེར་བ་ལྟར་ངའི་སྙིང་ལ་ཚ་ཤད་ཅིག་རྒྱབ་བྱུང༌། མ་གཞི་དེ་ནི་གཞན་མ་ཡིན་ཏེ་འདབ་ཆགས་ཁོ་ཚོར་ཡང་བཀྲ་མི་ཤིས་པའི་གནས་ཚུལ་ཅིག་བྱུང་འདུག སྙིང་རྗེ། ཐང་ཤིང་དེའི་འདབས་ན་ཁྭ་ཏ་གསུམ་ཤི་འདུག དེ་ནི་དྲག་རླུང་གིས་གཙེས་བར་གདོན་མི་ཟ། སྐབས་དེར་ངའི་སེམས་ཀྱི་རྣམ་རྟོག་རྣམས་སྟོང་བའི་དབྱིངས་སུ་ཡལ་བར་མ་ཟད། ཡིད་སྐྱོ་ལྷང་ངེ་བ་ཞིག་བྱུང་བས་ངག་ནས་ཚིག་འདི་ཤོར་སོང༌། ཐོག་མར་རྙེད་པའི་ལུས་སྲོག་མདུད་པའི་རྒྱ།། སོ་སོར་བཅད་ནས་ཕྱི་མར་འགྲོ་དགོས་བྱུང༌། མཐོ་དམན་དབུལ་ཕྱུག་རྩོད་པའི་འཐབ་རྭ་ནས།། ནམ་ཞིག་འདི་ལྟར་འགྲོ་དུས་སེམས་སྐྱོ་ཨང༌། ཁྭ་ཏ་དེ་ཚོས་གཤོག་པ་མཐར་ཆགས་སུ་བརྐྱངས་ཤིང་སྙིང་རྗེ་བའི་མིག་ཟུང་ཅེར་འདུག ཁོ་ཚོའི་རྣམ་ཤེས་ཁོ་ཚོའི་ལུས་པོ་བྲལ་ཡོད་ན་ཡང༌། ཁོ་ཚོས་ད་དུང་འཇིག་རྟེན་འདིའི་ཡོད་ཚད་ལ་ཕྱི་མིག་གིས་བལྟ། ང་རང་བློ་ཕམ་དང་སྐྱོ་བ་ཚད་མེད་ཀྱི་ངང་ཕྱིར་རང་གི་སྡོད་གནས་སུ་ལོག་པ་ཡིན། ཁང་བདག་མས་ནམ་རྒྱུན་ལྟར་ཁྱི་ལྡོམ་ཞིག་མཐོང་བ་ལྟར་ངའི་བཟོ་ལྟར་ལ་ཁྲེལ་དགོད་བྱེད་པ་ལྟར་མིག་ལོག་གཅིག་བལྟས་སོང་བས། སྡོང་རྩའི་ཁྭ་ཏ་ལ་སྙིང་རྗེ་སྐྱེས་མཁན་ང་རང་ལ་སུས་སྙིང་རྗེ་བསམ་ནས་སེམས་པ་སྔར་ལས་སྐྱོ།

༢༦།༤།༩༧ ཉིན་རྡ་ཤོད་ནས་བྲིས།

ཁོ་རང་མཚེར་ཤུལ་ནས་སྐྱུར་བའི་ཁྱི་རྒན་ལྡོམ་པོ་ཞིག

ཁོ་རང་ནམ་རྒྱུན་ལྟར་དྲོད་ཁོལ་མེད་པའི་སྦྲ་ནག་དེའི་ནང་སྐྱོ་གདུང་གི་ཀློང་དུ་ཐིམ་ནས་བསྡད་འདུག མེ་ཏོག་གི་ཚོམ་བུ་དང་འདྲ་བའི་ཁ་བའི་འདབ་མ་རེ་རེས་ཁོ་ལ་མཛེས་སྡུག་རྣམ་པར་བཀྲ་བའི་འཇིག་རྟེན་ཞིག་བསྐྲུན་བཞིན་ཡོད་ན་ཡང༌། ཁོས་དེ་དག་ལ་དོ་སྣང་ཡེ་ནས་མི་བྱེད། ཁོའི་མཐའ་སྐོར་གྱི་འཇིག་རྟེན་ཡོད་ཚད་དཀར་གཙང་གཙང་གི་དར་གོས་ཡུག་གཅིག་གིས་གཡོགས་འདུག་ལ། ཐ་ཐོར་དུ་སྐྱེས་བའི་ལྗོན་ཤིང་དག་གིས་ཀྱང་མུ་ཏིག་གི་དོ་ཤལ་རྒྱན་དུ་འཆང་ནས་སྒེག་ལྡན་མའི་ལང་ཚོར་སྙེམས་པར་བྱེད། ཁོའི་ཁོར་ཡུག་ན་ཨ་རག་གི་སྐྱུར་དྲི་དང་སྐྱོ་ངལ་གྱི་ཤུགས་རིང་ཙམ་ལས་ཅི་ཡང་མི་འདུག ཐ་ན་ཆ་མི་སྙོམས་པའི་རྐང་རྗེས་དེ་དག་ཀྱང་ཁོའི་སྦྲ་འདབས་ནས་རྒྱང་རིང་དུ་འཐེན་འདུག ཁོ་རང་མཚེར་ཤུལ་བསྐྱུར་བའི་ཁྱི་རྒན་ལྡོམ་པོ་ཞིག ཁོ་རང་འབྲོག་ཐང་ན་ལུས་པའི་མི་རྐྱང་འཁྱམ་པོ་ཞིག ཁོ་རང་གངས་ཅན་པའི་མི་རབས་གསར་བ་ཞིག ཁ་ཏྭས་སྐད་ངན་གཅིག་པོས་ཁོ་རང་ཁེར་རྐྱང་ཡིན་པ་གསལ་བསྒྲགས་བྱེད་བཞིན་འདུག ཁོ་རང་འཁྱར་འཁྱོར་ངང་ཡར་ལངས་ནས་འོད་སྣང་བྲལ་བའི་ས་སྒང་འདི་ལ་རྒྱང་བལྟ་བྱེད། ཁོའི་དྲན་སྣང་ལ་ལྔ་རིག་གི་དྲི་བསུང་རིང་དུ་འཐུལ་བའི་སློབ་གྲྭ་ཞིག་ཏུ་ལ་རྒྱའི་སྤོབས་པ་སྙིང་དབུས་སུ་བཅངས་བའི་གཞོན་སྐྱེས་མང་པོས་རང་གཞན་རིག་གཞུང་གི་བདུད་རྩི་ངོམས་མེད་དུ་རོལ་བའི་དགའ་སྟོན་དང་དེ་རིང་ཁོས་སྨྱོ་ཆང་བག་མེད་དུ་སྤྱོད་པའི་ངང་ཚུལ་གཉིས་རེས་མོས་སུ་འཆར་བ་དང༌། དམར་ཆུང་གི་སེམས་པ་ཡང་སྨྲ་བརྗོད་བྲལ་བའི་ཚོར་བ་སྐྱོ་ལྷང་ངེ་བ་ཞིག་གིས་ཁྱབ་པ་ནི་རྦ་ཀློང་དྲག་ཏུ་སྐྱོམས་པའི་རྒྱ་མཚོའི་དབུས་ཀྱི་གྲུ་ཆུང་ཞིག་དང་གཉིས་སུ་མ་མཆིས། ཀྱེ་ཧོ། ཁོ་རང་སྐྱོ་དྲགས་པའམ་གང་ཡིན་མི་ཤེས་ཀྱང་སྐད་ཤུགས་ཆེན་པོས་སྒོ་ནས་ངུ་སྒྲ་འབྱིན། གློ་བུར་དུ་ཁོ་རང་རྩ་བ་ཆད་པའི་ལྗོན་ཤིང་བཞིན་ཐང་ལ་འགྱེལ། ཁོའི་སྙིང་དབུས་སུ་རིགས་ཞེན་གྱི་སྙིང་སྟོབས་གྱེན་དུ་འཕྱུར་ཞིང་མིག་ཟུང་དུ་དགྲ་ཚོགས་ལ་སྡང་བའི་མེ་ལྕེ་ལྷོག་ལྷོག་ཏུ་འབར་བཞིན་འདུག ཕག་པ་ལྟར་རྒྱག་པའི་རྒྱ་དཔོན་དེ་ཚོའི་མདུན་ནས་ཁོའི་ཡོད་ཚད་ཤོར་འགྲོ་བ་ལས་དབང་གི་བཀོད་སྒྲིག་མ་ཡིན་ཀྱང༌། ཁོའི་ནང་མི་ཀུན་གྱིས་ཁོ་རང་ལས་ངན་ཐེབས་ཆགས་ཤིག་ཏུ་ངོས་འཛིན་བྱེད་པར་མ་ཟད། ད་ལྟའི་བར་དུ་རྒྱུ་ནོར་གྱི་འགྲོ་གྲོན་བཏང་ནས་སློབ་གྲྭར་མངགས་པ་ཆུད་ཟོས་བྱས་པར་སེམས། ཁོའི་ནང་མི་ཀུན་གྱིས་རིག་པ་ནངས་པར་འཆི་ཡང་བསླབ་ཅེས་པའི་ལེགས་བཤད་འདིའི་གོ་དོན་རྟོགས་མི་འདུག་ལ་རྟོགས་ཀྱང་མི་སྲིད། གང་ཡིན་ཟེར་ན་དེ་ནི་ཁ་བ་རི་བའི་རྣོ་ལྕགས་ལྟར་སྲ་མཁྲེགས་འགྱུར་མེད་ཀྱི་གོམས་སྲོལ་ཡིན་པས། ལྕགས་ཀྱི་ར་བ་འདི་ལས་བརྒལ་རྒྱུ་ཡང་ལས་སླ་བོ་ཞིག་ག་ལ་ཡིན། དེ་བས་ཁོ་རང་མི་འདོད་བཞིན་ཁེར་རྐྱང་དུ་སྡོད་དགོས་བྱུང༌། ཁོས་རང་གིས་རང་གི་ནང་མི་ལ་འཁང་ར་མི་བྱེད་ཀྱང་སེམས་མེད་ཀྱི་སྤྱང་རྒན་དེ་ཚོའི་བྱེད་སྟངས་ནི་ནམ་ཡང་སྙིང་དབུས་ནས་ཡལ་ཐུབ་གཏན་ནས་མེད། འོན་ཀྱང༌། ཁོ་རང་དུས་དང་རྣམ་པ་ཐམས་ཅད་དུ་ཕམ་སོང༌། ཁོ་རང་གཅིག་པོ་མ་ཡིན་པར་ང་ཚོའི་བོད་གཞོན་བགྲང་ལས་འདས་པ་ཞིག་གིས་འདི་ལྟར་ཕམ་ཁ་ཁུར་མྱོང༌། ཁོ་རང་སྤྱོད་ཡོན་འཛོམས་ཀྱང་ལས་གནས་མ་རེག་པའི་དེང་རབས་ཀྱི་གཞོན་སྐྱེས་ཤིག

ཁོ་རང་ཁ་བ་ལ་བརྩེ་སེམས་མེད་པ་གཏན་ནས་མ་ཡིན་ཡང༌། སྐྱུར་དྲི་ལྡང་བའི་སྐྱུགས་རོ་དེས་ཁ་བ་དཀར་པོ་དེ་ཡང་བཙོག་པར་བཟོས། ཨ་ཙི། སེམས་པ་ཕངས་པ་ལ། མི་རྐྱང་འཁྱམ་པོ་ལགས། ཁྱེད་རང་འགྱེལ་ས་ནས་ལངས་ཐུབ་པའི་གངས་ཕྲུག་ཅིག་མ་ཡིན་ནམ། ཁོ་རང་དྲན་པ་སོས་པ་དང་ཁ་བ་རྡོག་པོ་ཞིག་ལག་པར་དམ་དུ་བཅིང་ནས་ཅེར་རེར་བལྟ་ཞིང༌། མིག་ཟུང་ནས་བཞུར་བའི་མཆི་མའི་ཐིགས་པ་རེ་རེ་ཁ་བའི་དབུས་སུ་ཐིམ། སྐབས་དེར་ཁོའི་ངག་ནས་སྒྲ་གདངས་མི་གསལ་བའི་ཚིག་འདི་དག་ཐོས་ཐུབ། ཁ་བ་ནི་ལོ་རྒྱུས་ཀྱི་རྡོ་རིང་ངོས་སུ་བཞད་པའི་དྲང་བདེན་གྱི་མེ་ཏོག་ཚོམ་བུ། ཁ་བ་ནི་མ་ཎིའི་དབྱངས་རྟར་སིམ་པའི་སྙན་ངག་གསོན་པོ། ཁ་བ་ནི་དགའ་སྐྱོ་ཆགས་སྡང་གི་འཚོ་བའི་རྨང་གཞི། ཁ་བ། ཁྱེད་ནི་ངའི་སྙིང་ཁྲག་དང་འདྲེས་ཤིང༌། མཆི་མ་དང་ལྷན་དུ་འཐོར། ཁ་བ། བདག་ནམ་ཡང་ཁྱེད་ཀྱི་འདབ་མ་ཡིན་པས།ངས་ཁྱེད་ལ་མཚར་སྡུག་གི་ལང་ཚོ་བསྐྲུན་དགོས། ཁོས་ཁ་བའི་རྡོག་པོ་རེ་རེ་ཁ་རུ་བཅུག་ནས་རང་ཉིད་ཀྱི་སྐྱོ་གདུང་གི་མེ་ལྕེ་གཞིལ་བར་བརྩོན། རླུང་འཚུབ་ཅིག་གིས་ཁ་བའི་མེ་ཏོག་གྲངས་མེད་ཁོའི་ལུས་ལ་གཏོར། འོད་དཀར་གྱི་སྣང་བ་གསལ་བའི་ཀ་བའི་ཟེགས་མ་གྲངས་མེད་ཀྱིས་ཁོ་ལ་ལམ་སྟོན་བྱེད་ཀྱི་ཡོད་མོད། ཁོས་རང་གི་ཡོད་ཚད་ལ་མུན་ནག་སྤྲད་ཡོད་པས་ཁོའི་མདུན་ལམ་ན་བདེ་སྐྱིད་ཀྱི་འོད་སྣང་བྲལ། ཁོ་ནི་ཁོ་རང་སྟེ། ཕམ་ཁ་ལ་གདོང་ལེན་མེད་ཐུབ་པའི་ཁོ་རང༌།

ཨ་མ།

ང་རང་འཇིག་རྟེན་འདིར་བསྐྲུན་མཁན་གྱི་ཨ་མ་མཆོག་གིས་མིག་ཆུ་མུ་ཏིག་གི་ཕྲེང་བ་གྲངས་མེད་གཏོར་ནས་མ་བུ་ལྷན་འཛོམས་ལ་སྨོན་ལམ་འདེབས་བཞིན་ཡོད་པའི་གནས་ཚུལ་འདི་བསམ་ཐེངས་རེར། ད་ལྟ་འཕྲལ་མ་ཉིད་དུ་སྐྱིད་པའི་ཕ་ཡུལ་ལ་ལོག་རྒྱུ་བྱུང་ན་ཅི་མ་རུང་སྙམ་པ་དང༌། བཀའ་དྲིན་ཅན་གྱི་ཨ་མ་དྲན་ནས་སེམས་པ་སྡུག་གིས་ཁེངས་སོང༌། འོན་ཀྱང༌། གཞན་དབང་བཙན་གནོན་ལས་གཡོལ་ཆེད་རྒྱུས་མེད་ཀྱི་ས་མཐའ་འདིེར་མི་སྡོད་ཐབས་མེད་བྱུང༌། ཨ་མས་ང་རང་ཅི་ཞིག་འཚོལ་སླད་དུ་འཇིག་རྟེན་དུ་བསྐྲུན་པ་མ་ཡིན་ལ་ངས་ཀྱང་ད་ལྟའི་བར་དུ་ཅི་ཡང་བཙལ་མ་མྱོང༌། དབྱངས་གསལ་གྱི་སྒྲ་དབྱངས་རྣ་ལམ་དུ་ཐོས་ནས་ད་ལྟའི་བར་ངས་སློབ་སྦྱོང་བྱས་དོན་ཡང་ཅི་ཞིག་རྙེད་སླད་དུ་ཡིན་པ་མ་ཤེས། གང་ལྟར་ད་ལྟ་ངས་ཅི་ཡང་འཚོལ་དགོས་ཤིང་ངས་ཅི་ཡང་སྒྲུབ་དགོས་འདུག་པས། སྐབས་འདིེར་དུས་ཚོད་ཀྱིས་སྤྲད་པའི་ཕམ་ཁ་ནི་ཅི་འདྲའི་བཟོད་ཐབས་བྲལ་བ་ཞིག་རེད་ཨང༌། ངས་ད་ལྟའི་བར་གངས་རི་ལ་ཚེ་སྲོག་ཡོད་པ་མ་ཤེས་ལ། རྩམ་པ་དེ་གངས་ཅན་པའི་འཚོ་རྟེན་ཡིན་པ་ཡང་མ་ཤེས། ལྷག་པར་དུ་ཡིག་དྲུག་དང་ངའི་ཨ་མ་གཉིས་ཀྱི་བར་ན་ཡོད་པའི་གསང་བ་ནི་དེ་བས་ཤེས་རྟོགས་མ་བྱུང༌། མཚན་མོ་རེ་རེ་ངའི་ཨ་མས་མར་མཆོད་རེ་སྒྲོན་རྗེས་གསོལ་འདེབས་རིང་པོ་ཞིག་སྐྱོར་ཡོང༌། སྐབས་དེར་ངས་དངོས་གནས་ཅི་ཡང་ཤེས་མ་སོང༌། རྨུ་ཐག་དང་ལ་རྩེ། དར་ལྕོག་དང་རྡེའུ་འབུམ། ལྷ་དང་ལྷ་མོ། འདྲེ་དང་འདྲེ་མོ། དག་ཞིང་དང་ངན་སོང༌། ངས་དངོས་གནས་རྟོགས་ཐུབ་མི་འདུག མ་གཞི་ནས་ངའི་ཨ་མ་ནི་ལས་དཀར་པོ་དང་ནག་པོ་གཉིས་ཀྱི་གཏམ་རྒྱུད་པ་ཧ་ཅང་དགའ་བས་ད་ལྟའི་གྱེས་བྲལ་གྱི་མནར་སྡུག་འདི་ཡང་ལས་དབང་གི་བཀོད་སྒྲིག་ཅིག་ཏུ་སེམས། ཨ་མ་ལགས། ངས་ཁྱོད་ལ་བཞག་པའི་མནར་སྡུག་ལ་བཟོད་སྒོམ་བྱས་ནས་བཞུགས་དང༌། ཁྱེད་ཀྱི་བུ་ཆང་གིས་ཁྱེད་ལ་བདེ་སྐྱིད་ཁྱེར་ནས་སླེབས་ཡོང་ངེས།

ཉིན་ཐོ། ངའི་ཆག་སྒོ།

སྔོན་མ་ནས་ང་ལ་ཉིན་ཐོ་འབྲི་རྒྱུའི་འཆར་གཞི་ཡོད་མོད་བར་ལམ་དཀའ་ངལ་ཅན་གྱི་འཚོ་བའི་བརྒྱུད་རིམ་ཁྲོད་མཚམས་རེར་ལག་ཏུ་སྨྱུ་གུ་འཆང་རྒྱུའི་གོ་སྐབས་ཀྱང་མ་བྱུང་བས། དལ་ལྷོད་ལྷོད་ངང་ཉིན་ཐོ་འབྲི་བའི་དུས་ཚོད་ཅིག་ཇི་ལྟར་རེག ང་ཚོས་ཉིན་ཐོ་འབྲི་བ་ནི་འདས་སོང་གི་ལོ་ཟླ་ལ་ཕྱིར་དྲན་བྱེད་པ་ཙམ་མ་ཡིན་པར། རྙོག་འཛིང་གི་སྤྱི་ཚོགས་འདིའི་སྒང་ནས་རང་ཉིད་བརྒྱུད་མྱོང་བའི་དགའ་སྐྱོ་ཆགས་སྡང་གི་མི་ཚེའི་ཁྲོད་ཀྱི་ཉམས་མྱོང་བླངས་ཏེ་སོ་སོ་ལ་དབང་བའི་མ་འོངས་བར་བདེ་སྐྱིད་བསྐྲུན་ཆེད་དུ་བརྗོད་ཆོག གྲགས་ཅན་གྱི་རྩོམ་པ་པོ་མང་པོས་ཉིན་ཐོ་འབྲི་བ་ནི་རང་གི་རྩོམ་རྩལ་གོང་འཕེལ་དུ་གཏོང་བའི་ཐབས་ལམ་ཁྱད་འཕགས་ཤིག་ཏུ་ངོས་འཛིན་བྱེད། ཡིན་ན་ཡང༌། མི་མང་ཆེ་བས་ཉིན་ཐོ་འབྲི་རྒྱུ་སྣང་མེད་དུ་གཏོང་བཞིན་མཆིས། དེ་སྔོན་ང་རང་བཙོན་ཁང་ནང་སྡོད་དུས་ཀྱང་ཉིན་ཐོ་འགའ་ཤས་བྲིས་མྱོང༌། སྐབས་དེར་སྨྱུ་གུ་དང་ཤོག་གུ་ལག་ཏུ་རེག་ཐབས་མེད་པར་བརྟེན་བཙོན་གྲོགས་ཚོའི་ཐ་མག་གི་ཤོག་སྒམ་དང་སྨྱུ་གུའི་ཚབ་ཏུ་སོ་སྨན་གྱི་སྣོད་དེ་དག་བེད་སྤྱོད་བཏང་བ་ཡིན། སོ་སྨན་གྱི་སྣོད་དེ་དག་ཞ་ཉེ་ཡིས་བཟོས་ཡོད་སྟབས་ཡི་གེ་སྙིང་རྗེ་བོ་ཞིག་འབྲི་ཐུབ། ངས་ཐ་མག་གི་ཤོག་སྒམ་མང་པོ་བསགས་ནས་སྐབས་དེའི་རྒྱ་དམར་གྱི་གཡོ་ཇུས་དང་གདུག་རྩུབ་རྣམས་གསལ་བོར་བྲིས་ཡོད། དེ་མ་ཟད། རང་གི་སྙིང་ཁོངས་ན་འཕར་ལྡིང་བྱེད་བཞིན་པའི་ལ་རྒྱ་གསོན་པོ་མཚོན་བྱེད་ཀྱི་སྙན་ཚིག་འགའ་ཤས་བྲིས་ཡོད། དཔེར་ན། སྤྲིན་པ་ལང་ལོང་འཕྱུར། སེམས་པ་སྤྲིན་ལ་འཁྱུད། རང་རིགས་སྡང་དགྲ་ལ། མགོ་བོ་སྒུར་མི་སྲིད། སོགས་བྲིས་ཡོད་ཀྱང་བཙོན་ཁང་ནང་ཟླ་བ་རེར་རྒྱ་དམག་ཞིབ་བཤེར་བྱེད་དུ་ཡོང་བར་ཁ་གཡར་ནས་བཙོན་པར་གཅར་རྡུང་ཡིད་ཚིམ་པ་རེད་བྱེད་པའི་སྐབས་ཤོག་བུ་སྣེ་ཙམ་དང་སྨྱུ་གུ་ཁབ་རྩེ་ཙམ་རྙེད་ན་ཡང་ཉེས་རྡུང་ལྕི་མོ་ཞིག་རེག་གི་ཡོད་པས། ངའི་ཉིན་ཐོ་དང་སྙན་རྩོམ་ཀུན་ཀྱང་མི་འདོད་བཞིན་མེ་ལྷ་རྒྱལ་མོའི་ཁ་ཟས་འབུལ་དགོས་ཀྱང༌། ཉིན་གཅིག་གྲོགས་པོ་ཞིག་གིས་གཡར་བའི་སྙན་ངག་གི་དེབ་གཅིག་གི་རྒྱབ་ལོག་སུ་ལག་པ་སྡོད་མ་ཚུགས་པར་ཚིག་དུམ་ཁ་ཤས་བྲིས་པ་བཙོན་སྲུང་ཉེན་རྟོག་པའི་མཐོང་ནས་གོང་རིམ་མགོ་ཁྲིད་ལ་སྙན་ཞུ་བྱས་པ་དང༌། དོན་མེད་དུ་ཉིན་གཉིས་རིང་རྩོམ་གྱི་ནང་དོན་ཐོག་འགྲེལ་བཤད་རྒྱག་བཅུག་པ་དང་དེའི་དམིགས་ཡུལ་སོགས་ཚ་འདྲི་བྱས་མྱོང༌། རེད་ཡ། བདག་ནི་སྐྱེས་སྟོབས་ཀྱི་ཤེས་རབ་དང་སྦྱངས་བའི་ཡོན་ཏན་གང་ཡང་མེད་པའི་བླུན་ཕྲུག་ཐ་ཤལ་བ་ཞིག་ཡིན་པས། རང་གི་མདུན་དུ་ལྷག་པའི་དཀའ་ངལ་ལ་གདོང་ལེན་ཇི་ལྟར་བྱེད་དགོས་མ་ཤེས་བར་དོན་མེད་དུ་གཞན་གྱི་དབྱུག་པ་གཟེད་དགོས་བྱུང༌། སྐབས་དེར་ང་རང་ཕོ་ལོ་ཉི་ཤུ་ཏག་ཏག་ཡིན། ཕོ་ལོ་ཉི་ཤུ་ནི་སྟག་ཤར་གཞོན་ནུའི་དཔའ་རྩལ་ཀུན་ནས་རྫོགས་པའི་དུས་ཚོད་ཅིག་ཡིན་ན་ཡང༌། ངའི་ཨ་མ་མཆོག་གི་མིག་ལམ་ན་ང་རང་ད་དུང་བྱིས་པ་བསམ་མེད་ཅིག་ཡིན་པས། ངས་ཁོ་མོའི་སེམས་ལ་བཞག་པའི་སྡུག་བསྔལ་གྱི་རྨ་ཁ་དེ་ཅི་འདྲ་ཞིག་ཡིན་པ་སུས་ཀྱང་ཚོད་དཔག་བྱེད་མི་ཐུབ། ང་རང་བཙོན་གྲོལ་ཐོབ་དུས་ཀྱང་ན་ཚ་མང་པོ་ཞིག་དང་ལྷན་དུ་ཕ་ཡུལ་ལ་སླེབས་པ་ཡིན་པས་ཉིན་ཐོ་འབྲི་རྒྱུའི་ཕྱོགས་ལ་དོ་སྣང་ཤུགས་ཆེན་པོ་སྐྱེས་མ་བྱུང༌། གལ་སྲིད་སྐབས་དེ་དག་གི་ཉིན་ཐོ་བྲིས་ཡོད་པ་ཡིན་ན་ད་ལྟར་འཕྲད་པའི་དཀའ་ངལ་མང་པོ་ཞིག་ལ་གདོང་ལེན་བྱེད་ཐུབ་མོད། དེ་དག་ཚང་མ་འདས་སོང་གི་རྨི་ལམ་ཇི་བཞིན་ཡིད་བརྟན་མེད་པའི་འཚོ་བ་ཞིག་རེད་ཨང༌། དེར་མ་ཟད་ང་རང་རྒྱ་མིས་ལྟ་རྟོགས་བྱེད་སའི་མི་ཞིག་ཏུ་གྱུར་ཚར་བས། རང་དབང་དང་ལྷོད་འཇགས་ཀྱི་རོ་བཅུད་གཏན་ནས་མྱངས་མ་ཐུབ། དེ་བས་ངའི་ཉིན་ཐོ་དེ་དག་གི་ནང་དུའང་མནར་སྡུག་གི་སྨུག་ཞགས་ཤིག་འཐིབས་ཡོད་པ་རྟོགས་ཐུབ། ངས་ཞི་བདེ་དང་རང་དབང་གི་བདེ་དྲོད་འཚོལ་སླད་ན་ཟུག་ལ་བདེན་ཁ་མ་བྱིན་པར་མག་མོག་གི་བགྲོད་ལམ་ཞིག་སྙེག་པ་ཡིན། གང་ལྟར་གསར་བ་འཚོལ་མཁན་ཞིག་ཡིན་ན་ཁྱེད་ཀྱི་མདུན་དུ་བརྙས་སྨོད་དང་མཐོང་ཆུང་གི་བྲག་རི་རྔམས་བརྗིད་ལྡན་པ་རེ་ཡོད་མ་བརྗེད། དེ་བས་ཁྱེད་ཚོས་ངའི་ཉིན་ཐོ་ལ་ཆག་སྒོ་ཡ་ང་བ་ཞིག་བྱུང་དོན་ཡང་ཕལ་ཆེར་ཤེས་ཐུབ། ཡང་བསྐྱར་འཛིན་བཟུང་འཆར་འདུག་ཟེར་བའི་གསང་འཕྲིན་འདི་མི་གསོད་ཀྱི་དུག་མདའ་ཞིག་དང་འདྲ་བར་ཞི་འཇམ་ལྡན་པའི་ནང་མི་ཀུན་གྱི་སྙིང་ལ་ཟུག་པས་ཁོ་ཚོའི་ལྷིང་འཇགས་དང་སེམས་ཁམས་མཉམ་དུ་དཀྲིགས། ལྷག་པར་ངའི་ཨ་མ་མཆོག་གིས་མིག་ཆུའི་ཕྲེང་བ་ཕངས་སེམས་སྤུ་ཙམ་མེད་པར་བདེ་སྣང་དབེན་པའི་ས་སྒང་འདིའི་སྙིང་དབུས་སུ་གཏོར་བ་སྨོས་ཅི་དགོས། ཉིན་ཐོའི་སྐོར་འབྲི་བཞིན་སེམས་ཀྱི་སྡུག་ཡས་རྣམས་བྲིས་སོང༌། སྡུག་ཡས་ག་ཚོད་བརྗོད་ཀྱང་ཁྱེད་ལ་སྙིང་རྗེ་སྐྱེས་མཁན་དང་ཤ་ཚ་རྒྱབ་སྐྱོར་བྱེད་མཁན་སུ་ཞིག་ཡོད། ངས་སྡུག་ཡས་བརྗོད་ནས་རྒྱབ་སྐྱོད་བྱེད་མཁན་མེད་པ་རྟོགས་ཡོད་མོད། སྡུག་ཡས་འདི་ཡང་བསྐྱར་སྨྱུག་རྩེ་ནས་ཤོར་སོང་བས་འཆའ་སྨོད་མི་བྱེད་པར་མཁྱེན། གྲོགས་པོ་ཚོ། གོང་གསལ་གྱི་གནས་ཚུལ་འདི་དག་ཅོལ་ཆུང་ངའི་མི་ལོ་གཉིས་ཀྱི་ཉིན་ཐོ་ཡིན། ང་ལ་ཉིན་ཐོ་འབྲི་རྒྱུའི་འདུན་པ་ཆེ་ཡང་སྤྱི་ཚོགས་ཀྱི་དྲག་རླུང་རྩུབ་པོས་ངའི་ཉིན་ཐོ་ལ་བར་ཆད་བཟོས་སོང༌། གློ་བུར་གྱི་ཉེན་བརྡ་དེ་ཐོས་རྗེས་ང་རང་སྐྱིད་པའི་ཕ་ཡུལ་དང་བྲལ་དགོས་བྱུང༌། ང་རང་ཡབ་མེས་རྣམས་ལ་ལྷ་ཡུལ་དུ་འཁྲུལ་བའི་གནས་འདིར་འདྲིས་རྒྱུ་མེད་པའི་རྒྱ་གར་བ་ཚོའི་མཉམ་དུ་སྡོད་དགོས་བྱུང༌། སྐབས་འདིར་བརྩེ་ལྡན་མའི་མིག་ཆུ་ནི་གསེར་གྱིས་མི་ཁུགས་པའི་རིན་པོ་ཆེ་ཡིན་པ་ཤེས་རྟོགས་བྱུང༌། ཁྱེད་ཚོ་ཡིད་ཆེས་སྐྱེ་མི་སྲིད། ཉིན་ཞིག་བདག་བྱིའུ་ཆུང་ཁྲ་ཡིས་ཁྱེར་བ་ལྟར་རྒྱ་གར་སྐོར་སྲུང་བས་འཛིན་བཟུང་བྱས་ཏེ་དབྱིན་ཇི་བ་ཚོས་རྒྱ་གར་གྱི་ཆེད་དུ་བཟོས་པའི་བཙོན་ཁང་ཞིག་གི་ནང་བཅུག་སོང༌། སྐབས་དེར་ངས་བསམ་བློའི་ནང་དུས་ཚོད་ཀྱི་སྔ་རྗེས་མ་གཏོགས། མི་ནི་མིའི་རང་དབང་འཕྲོག་མཁན་གྱི་དགྲ་བོ་ངོ་མ་དེ་ཡིན་པ་གསལ་རྟོགས་བྱུང༌། གྲོགས་པོ་ཚོ། རང་ལ་ལུང་པ་མེད་དུས། གཞན་གྱི་བྲན་གཡོག་ཡིན་ནོ། ཟེར་བ་འདི་གཞིག་ཏུ་མེད་གཏན་ཚིག་ཅིག་རེད་ཨང༌། ང་རང་ཆབ་སྲིད་ཀྱི་སྐྱབས་བཅོལ་བ་སྐྱབས་མེད་ཅིག་ཡིན་པ་མ་བརྗེད་རོགས། ངའི་ཉིན་ཐོ་ལ་ཡང་བསྐྱར་ཆག་སྒོ་སླེབས་སོང་བས་ཤོག་བུ་དང་སྨྱུ་གུ་ལ་འབྲེལ་བ་གཅོད་དགོས་བྱུང༌། ད་ནི་སོ་སྨན་གྱི་སྣོད་དང༌། ཐ་མག་གི་ཤོག་སྒམ་བེད་སྤྱོད་གཏོང་མི་དགོས་ཀྱང༌། ཉིན་ཐོ་བྲིས་ཀྱང་ང་ལ་ཅི་ཡང་མི་ཐོབ་པས་མཚམས་འཇོག་བྱས་པ་ཡིན། ད་ནི་གང་ལྟར་བྱ་བ་ཞིག་གི་མགོ་བརྩམས་པ་ཡིན་ན་མཇུག་བསྡུ་དགོས་པ་ཆོས་ཉིན་ཡིན་པས། དོན་མེད་ཀྱི་ཚིག་ཚོགས་མང་པོ་བྲིས་ནས་ཆུ་ཚོད་འཕྲོ་བརླག་ལ་གཏོང་བར་མི་བྱ། ཧ་ཅང་མང་དྲག་ན་སྤྱི་ཚོགས་ཚང་མའི་ཁྱད་ཆོས་གཙོ་བོ་སྟེ་གནོན་ཤུགས་ཟེར་བ་ཞིག་ཀྱང་ངའི་མགོ་ཆུང་ཆུང་འདི་སྒང་ན་ཡོད། བདེ་མོ། ང་རང༌། ཐམས་ཅད་ཤོར་བའི་ང་རང༌། ང་རང་བགྲོད་ལམ་མེད་པས་ང་རང༌། ང་རང༌། ཅི་ཡང་མེད་པས་ང་རང༌། ང་རང་ནམ་ཡང་ཁེར་རྐྱང་ཡིན། མཇུག་མཐར་ཞུ་རྒྱུ་ཞིག་ལ་གསར་རྩོམ་ལ་བློ་ཁ་ཕྱོགས་པའི་ངའི་གྲོགས་པོ་རྣམས་ཀྱིས་ཉིན་ཐོ་འབྲི་རྒྱུར་སྣང་ཆུང་མི་གནང་བར་ཉིན་རེའི་བདེ་སྡུག་གི་ཚོར་བ་ཤོག་ངོས་སུ་ཕོབས་དང༌། གཅིག་བྱས་ན་ཁྱེད་ཀྱི་ཉིན་ཐོ་ཡིས་མི་གསར་བ་ཚོར་ལམ་སྟོན་བྱེད་སྲིད།

ཚོར་བ་སྐྱུར་མོ།

མདང་དགུང་ཁོ་ལ་ཡང་བསྐྱར་རྒྱ་དམར་བཙོན་ཁང་ནང་སྡོད་དུས་ཀྱི་ཚོར་བདེ་སླེབས་ལ་ལོས་ཡིན། མཐིང་མདོག་གི་མཁའ་དབྱིངས་ན་བགྲོད་པའི་ཟླ་གཞོན་ལ་ཡང་ཡང་བལྟ། འདས་ལོའི་དཀའ་སྡུག་གི་འཚོ་བའི་ཁྲོད་ཁོ་དང་ཟླ་བའི་བར་སུས་ཀྱང་མི་ཤེས་བའི་བརྩེ་དུང་ཞིག་ཆགས་པར་མ་ཟད། ཁོས་ལྕགས་སྨྱུག་བཟུང་ནས་ཁེར་རྐྱང་གི་དུང་ཟླ་དང་བདག་ཅེས་པའི་སྙན་ངག་བྲིས་མྱོང༌། མདང་དགུང་ཁོས་ཡང་བསྐྱར་ཁེར་རྐྱང་གི་དུང་ཟླ་ལ་མིག་ཞགས་འཕེན་བཞིན་སྐྱོ་གླུ་རིང་མོ་ཞིག་དལ་བར་གྱེར། དུང་ཟླ་ལ་མིའི་སེམས་འཕྲོག་པའི་ནུས་པ་ཞིག་གང་ནས་ཐོན་པ་ཡིན་ནམ། ཁོ་རང་ལས་དབང་གི་སྐྱོག་མཚམས་ནས་ཕམ་ཁ་གང་མང་ཁུར་མྱོང་བའི་བཙོན་པ་ཞིག་རེད། ཁོ་རང་རྣམ་ཤེས་བྲལ་བའི་བེམ་པོ་ཞིག་དང་འདྲ་བར་གཡོ་འགུལ་ཅི་ཡང་མེད་པར་ཟླ་བར་ཅེར། ཁོ་རང་ཡང་མི་ཕལ་ཆེར་དང་འདྲ་བར་སྙིང་སྟོབས་དང་རྣམ་དཔྱོད་ཀྱི་བློ་གྲོས་ལྡན་པར་མ་ཟད། ཆུང་དུས་ནས་བཟུང་མི་རིགས་ཀྱི་འཐབ་རྩོད་རིང་མོའི་སྒྲོམ་གཞི་བཙལ་མྱོང༌། རེད་ཡ། སྐབས་ཤིག་ཁོ་རང་མི་ཡུལ་གྱི་སྲིན་པོར་གྲགས་པའི་རྒྱ་དམར་གྱིས་མནར་གཅོད་བཏང་ནས་སེམས་ཁོང་དུ་སོས་མི་ཐུབ་པའི་རྨ་ཁ་གང་མང་བཞག ཁོ་རང་མཚོ་ངོགས་སུ་བསྐྱོད་པའི་གྲུ་གཟིངས་ཤིག་དང་འདྲ་བར་སྤྱི་ཚོགས་ཀྱི་རླབསཕྲེང་དྲག་པོས་ཐེངས་གང་མང་བརྡབ་སིག་བཏང་ཡོད། འོན་ཀྱང༌། ཁོས་དཀའ་སྡུག་ལ་བཟོད་བསྲན་བྱས་ཏེ་རང་གི་རེ་བ་ལྷག་མ་དེ་འཚོལ་བར་ཕྱིན། ཁོས་རང་ཉིད་ཀྱི་འཚོལ་སྙེག་ལ་ཕམ་ཁ་འབྱུང་བ་གཏན་ནས་མ་ཤེས། ཁོ་རང་ཡང་བསྐྱར་བཙོན་ལ་བཅུག་པ་མ་ཟད་ཁེར་རྐྱང་གི་དུང་ཟླ་དང་ལྷན་དུ་བཙོན་རྭའི་མཚན་མོ་རེ་རེ་ཁེར་རྐྱང་གི་ངང་ནས་བསྐྱལ་དགོས་བྱུང༌། ཁོ་རང་དཔྱིད་དུས་ཀྱི་ལྗང་སྨྱུག་གསར་བ་ཞིག་ཡིན་ན་ཡང༌། ཆགས་སྡང་གི་དྲག་རླུང་ངར་མ་དེས་ཁོའི་རང་དབང་ཞི་འཇམ་གྱི་མཚར་སྡུག་རྨེག་མེད་དུ་བཅོམ། ཁོས་བསམ་བློ་གཏོང་བཞིན་སེམས་པ་སྐྱོ་ཞིང༌། སེམས་ལ་སྐྱོ་བཞིན་མིག་ཆུ་ཤོར། མིག་ཆུ་ཤོར་བཞིན་སེམས་ཤུགས་རྒྱས། ཁོས་ཁ་དབུགས་མི་གཙང་བའི་སྤྱི་ཚོགས་ཀྱི་འགྱུར་ལྡོག་ལ་འཕྱ་དམོད་བྱེད། ང་ཚོར་ནམ་ཡང་ཐོབ་མི་སྲིད། ཁོས་ཤུགས་རིང་ཅིག་དང་མཉམ་དུ་གསལ་ལ་མི་གསལ་བའི་ཚིག་འདི་ངག་ནས་ཤོར། ཁེར་རྐྱང་གི་ཟླ་བས་ཀྱང་ཁོ་རང་ནང་བཞིན་མཚམས་རེར་ཆུ་འཛིན་གྱི་ཕང་བར་ཡིབ་ནས་མིག་ཆུ་གཏོང་བཞིན་ཁྱེད་ཚོར་ཐོབ་ཀྱང་དགོས་པ་མི་འདུག་ཟེར་བ་འདྲ། ལྷིང་འཇགས་ཀྱི་མཚན་མོར་འདི་མི་ཆེན་གྱི་དཔོན་པོ་དང་རླབས་ཆེན་གྱི་མི་རིགས་འདི་འབོལ་འཇམ་གྱི་གཟིམ་ཐུལ་ནང་གཉིད་ཀྱི་ཞིང་ཁམས་འགྲིམ་བཞིན་ཡོད་ན་ཡང༌། ཁོ་དང་ཁོའི་སྐྱབས་མགོན། ད་དུང་ཁོའི་གྲོགས་མཆོག་ཟླ་བ་དང་རྒྱུ་སྐར་ཚོགས་ཀྱིས་ཉམས་ཆུང་གི་མི་རིགས་ཤིག་གི་ཆགས་འཇིག་ལ་སེམས་ཁྲལ་བྱེད།