ཞིབ་འཇུག་སྒྱུ་རྩལ་ཞེས་པའི་དཔེ་དེབ་འདི་ནི། ནུབ་ཕྱོགས་པའི་གཙུག་ལག་སློབ་ཆེན་གྱི་སློབ་དཔོན་ཆེན་མོ་ལྔ་ཡིས་ལོ་ངོ་བཅུ་ཕྲག་མང་པོའི་རིང་འབད་བརྩོན་བྱས་ནས་རྩོམ་སྒྲིག་བྱས་ཤིང་། ཆི་ཁ་རྒོ་སློབ་ཆེན་ནས་དཔར་སྐྲུན་བྱས་པ་ཞིག་ཡིན་ལ། དཔེ་དེབ་འདི། རྒྱལ་སྤྱིའི་སྟེང་སྙན་གྲགས་ཆེ་བའི་གཙུག་ལག་སློབ་ཆེན་ཁག་མང་པོའི་ཞིབ་འཇུག་ཐབས་ལམ་གྱི་ཁྲིད་གཞིའི་སློབ་དེབ་ཆགས་ཡོད་པ་དང་། སྐད་རིགས་འདྲ་མིན་དྲུག་གི་ནང་བསྒྱུར་ཟིན་པ་ཞིག་རེད་འདུག །དེབ་དཔེ་འདི། ཞིབ་འཇུག་པ་ལས་དང་པོ་བ་ནས་ཚད་མཐོའི་ཞིབ་འཇུག་གནང་མཁན་ཡོངས་ལ་དམིགས་པ་ཞིག་ཡིན་པར་བརྟེན། ཤེས་ཡོན་ཀྱི་གནས་ཚད་རབ་འབྲིང་མཐའ་གསུམ་གྱི་ཞིབ་འཇུག་པ་རྣམས་ཀྱི་ཞིབ་འཇུག་གི་ཐབས་རྩལ་ཐད་དཀའ་ངལ་སྣ་མང་སེལ་བ་ལ་ནད་བརྒྱ་སྨན་གཅིག་ལྟ་བུར་བརྗོད་ཆོག །
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་རླབས་ཆེན་གྱི་དགོངས་གཞི་དང་ཡང་དག་པའི་ལམ་སྟོན་འོག །ཉེ་བའི་ལོ་ཤས་སྔོན་རྒྱ་གར་ལྷོ་ཕྱོགས་སྦེང་ལོར་ས་གནས་སུ་ཡོད་པའི་ཏཱ་ལའི་བླ་མ་མཐོ་སློབ་ནང་འབུམ་རམས་པའི་སྡེ་ཚན་ཞིག་གསར་འཛུགས་གནང་ཞིང་། ཞིབ་འཇུག་གི་ཐབས་ལམ་གྱི་ཁྲིད་གཞི་དཔེ་དེབ་འདི་བདམས་པའི་ཐོག་ནས་ཨོ་གླིང་ཊྲ་སི་མ་ཎི་ཡའི་གཙུག་ལག་སློབ་ཆེན་གྱི་སློབ་དཔོན་ཆེན་མོ་རྒན་བསོད་ནམས་ཐག་གཅོད་ལགས་ནས་སློབ་ཁྲིད་གནང་ཡོད་པ་དང་། སློབ་སྐབས་དེར་སློབ་གཉེར་ནང་ཞུགས་མཁན་བདག་ལ་བཀའ་དྲིན་ཤིན་ཏུ་ཆེ་ཞིང་། གཙུག་ལག་རབ་འབྱམས་ལ་གཟིགས་པ་མཆོག་ཏུ་ཡངས་པའི་རྒན་དགེ་བཤེས་ལྷ་རམས་པ་རོང་བོ་བློ་བཟང་སྙན་གྲགས་མཆོག་ནས། དཔེ་དེབ་འདི་བཞིན་དེང་དུས་བོད་ཀྱི་རིག་གནས་ཀྱི་འཕེལ་རིམ་དང་། ལྟ་གྲུབ་ཀྱིས་མཚོན་པའི་རིག་ཚན་སྣ་མང་ཐོག་ཞིབ་འཇུག་བྱེད་པར་ཉེ་བར་མཁོ་བ། ཉེ་བའི་དུས་ཚོད་ནང་གདན་ས་ཁག་གི་ནང་དུའང་གཞུང་ཆེན་རིགས་གཅིག་རྐང་འཛིན་གྱི་ཞིབ་འཇུག་ལས་རིམ་ཞིག་འགྲོ་བཞིན་པར་བརྟེན། ཐབས་ལམ་འདི་བཞིན་བོད་ཡིག་ཐོག་ཕབ་བསྒྱུར་བྱེད་ཐུབ་ན། མཐོ་རིམ་ཤེས་ཡོན་སློབ་གསོའི་བསླབ་གཞིའི་ཐོག་སྟོང་ཆ་ཆེན་པོ་ཞིག་ཁ་སྐོང་བྱེད་ཐུབ་པས། ཁྱེད་ཀྱིས་གྲགས་ཅན་དཔེ་དེབ་ཁ་ཤས་དང་ཨིན་རྩོམ་དུ་མ་བོད་བསྒྱུར་ཞུས་འདུག་པ་དེ་ཚོ་གང་ཅིའི་ཐད་ཚད་ལྡན་གནང་འདུག་པ་དང་། དུས་ཡུན་རིང་པོར་སྐད་བསྒྱུར་གྱི་ཕྱག་ལས་གནང་བས། ཉམས་མྱོང་དང་ཤེས་ཚད་གང་ཅིའི་ཐད་ནས་བལྟས་ཀྱང། ད་རེས་ཁྱེད་ཀྱིས་དུས་ཚོད་བཏང་སྟེ་རྩ་ཆེའི་དཔེ་དེབ་འདི་བཞིན། བོད་ཀྱི་སྐད་ཡིག་ནང་བསྒྱུར་ཐུབ་ན། བོད་ཕྱི་ནང་གཉིས་ལ་ཕན་ཐོགས་ཡོང་རེ་ཆེ་བས་དུས་ཚོད་ཡོད་དམ་ཞེས་ཨུ་ནན་མཛད་པ་དང། ང་ཚོས་འདི་ནས་སྐད་གཉིས་སྨྲ་བ་དུ་མར་རེ་བསྐུལ་བྱས་ཤིང་། འབྲེལ་ཡོད་དུ་མས་ཅུང་ཟད་བསྒྱུར་ཀྱང་། ཁོང་རྣམ་པ་ཚོ་མཛད་བྲེལ་ཧ་ཅང་ཆེ་བས་དུས་ཚོད་ཀྱི་སྐུ་ངལ་འཕྲད་ཀྱི་ཡོད་འདུག་སྐོར་བཅས་གསུངས་ཏེ། ཐུགས་རེ་ཆེན་པོ་གནང་སོང་བས། གུས་ནས་ནུབ་ཕྱོགས་པའི་སྤྱི་ཚོགས་ཁྲོད་སྐད་བསྒྱུར་གྱི་ཞབས་ཞུ་བསྒྲུབས་ནས་ལོ་མང་ཕྱིན་ཡོད་ཀྱང་། བོད་ཀྱི་རིག་གནས་སྤྱི་དང་། ལྷག་པར་དེང་དུས་ཀྱི་ཤེས་ཡོན་ལ་སློབ་གཉེར་གནང་མཁན་རྣམ་པར་ཕན་པའི་ལས་དོན་འདི་ལྟ་བུ་ཞིག་སྒྲུབ་ཐུབ་པ་དང་། གལ་ཏེ་གཞུང་ལུགས་ཚད་ལྡན་གྱི་དཔེ་དེབ་འདི་ལྟ་བུ་ཞིག་བོད་ཡིག་ནང་བསྒྱུར་ན། རང་ཉིད་རྩམ་གཟན་བོད་པ་ཞིག་ཡིན་པའི་དོན་གོ་ཆོད་པ་རེད་ཨང་བསམ་ནས་དཔེ་དེབ་འདི་ལ་དོ་སྣང་བྱེད་འགོ་བརྩམས་པ་ཡིན།
ཞིབ་འཇུག་སྒྱུ་རྩལ་ཞེས་པའི་དཔེ་དེབ་འདིའི་དམིགས་ས་གཅིག་ནི། ཆེས་མཐོའི་གཙུག་ལག་སློབ་གླིང་གི་ཞིབ་འཇུག་མི་སྣ་ཚོ་ཡིན་འདུག།།ཁོང་ཚོ་ནི་ཤེས་ཡོན་པའི་སྡེ་ཚན་ཁྲོད་ཚད་གཞི་མཐོ་ཤོས་ལྟ་བུ་ཡིན་པ་དང། ལྷག་པར་འདི་ནི་རིག་པའི་གཞུང་ལུགས་ཤིག་ཡིན་པའི་ཆ་ནས་ཐོག་མར་ཐ་སྙད་གཏན་འབེབས་བྱེད་རྒྱུར་དུས་ཚོད་ངེས་ཅན་ཞིག་གཏོང་དགོས་བྱུང་བར་མ་ཟད། ཨིན་ཡིག་གི་བརྡ་སྤྲོད་དང་དཔེ་རིས་སོགས་བོད་ཀྱི་སྐད་ཡིག་ནང་བསྒྱུར་རྒྱུར་དཀའ་ངལ་གང་མང་ཞིག་ལ་འཕྲད་ཀྱང་། འབད་པ་ལྷོད་མེད་བྱས་ཏེ་མཇུག་གྲུབ་ཙམ་བྱུང་སོང་། འོན་ཀྱང་། གུས་པ་ནི་རིག་པའི་གཞུང་ལུགས་ལ་སྦྱངས་པ་མཐོ་བའི་སྐྱེ་བོ་ཞིག་མིན་པས། བསྒྱུར་རྩོམ་འདིའི་ནང་གི་ཚིག་སྦྱོར་དང་ནང་དོན་གང་ཅིའི་ཐད་ཆད་ལྷག་ནོར་གསུམ་ཡོད་ངེས་པས། དཔྱོད་ལྡན་དོན་གཉེར་ཅན་རྣམས་ཀྱིས་སྐྱོན་སེལ་དགེ་འདོན་གནང་ན། དཔར་སྐྲུན་རྗེས་མར་བསྐྱར་བཅོས་ཞུ་རྒྱུའི་ཕན་ཐོགས་ཡོང་ངེས།
དཔེ་དེབ་འདི་ནུབ་ཕྱོགས་པའི་ཞིབ་འཇུག་བྱེད་ཐབས་ཀྱི་གཞུང་ལུགས་ཤིག་ཡིན་པས། དཔེ་འདིའི་མགོ་མཇུག་བར་གསུམ་དུ་ནུབ་ཕྱོགས་པའི་རིག་གཞུང་སྤྱི་དང་བྱེ་བྲག་གི་གོམ་འགྲོས་ཀྱིས་ཡོངས་སུ་ཁྱབ་ཅིང་། ལྷག་པར་དུ་རྩོམ་ཡིག་འབྲི་བའི་ཐབས་ལམ་སྐོར་ཨིན་ཇིའི་བརྡ་སྤྲོད་རིག་པ་སྤྱི་དང་། ཆེད་སྤྱོད་ཐ་སྙད། ལེའུ་དང་ས་བཅད་བགོ་འགྲེམས། དོན་ཚན་དང་ཡིག་འབེབས་འགོད་སྟངས་བཅས་གཞུང་ལུགས་དེ་ག་རང་གི་རྣམ་པར་བསྒྱུར་ན་དགེ་མཚན་ཆེ་བར་མཐོང་སྟེ། རང་ཅག་གི་ནམ་རྒྱུན་གྱི་འགྲོ་ལུགས་ལས་བརྒལ་ཏེ། ཨང་གྲངས་དང་། གཅོད་མཚམས། མཐུག་ཡིག་དང་ཟུར་ཉལ་ཅན་གྱི་ཡིག་གཟུགས་སོགས་སྐབས་མཚམས་སོ་སོར་བཀོལ་དགོས་བྱུང་ཡོད་པ་བཅས་ལ་དགོངས་ཡངས་གནང་རོགས་ཞུ་རྒྱུ་ཡིན།

Leave a Reply