(བསྡུས་བརྗོད་སྙན་རྩོམ)
སྤྱི་ལོ ༡༩༩༤ ཟླ་༡༡ ཚེས་༢༥ ཉིན་བྲིས།
༡།
བརྗིད་ཆགས་དབང་ཕྱོགས་ལྷུན་པོའི་མགུལ་ནས་ཉིན་བྱེད་གཞོན་ནུ་འཛུམ་ཙམ་གྱིས།།
སྣ་མང་རྩི་ཤིང་སྤྲོ་དགའི་མྱོས་ཏེ་མཛེས་སྡུག་སྟང་སྟབས་ཅི་ཡང་ངོམས།།
བསུང་ཞིམ་དྲི་བཟང་ས་འཛིན་ཁྱོན་ལ་དལ་བ་དལ་བར་ཁྱབ་པའི་དུས།།
གཞན་གསོས་བུ་མོས་དཔྱིད་ཀྱི་དཔལ་མོར་བླ་སྲོག་སྦྱིན་པར་མི་བྱེད་དམ།།
ཚང་ཚང་གཡུ་ལོ་བཀྲ་བའི་ཚལ་ན་དངས་གསལ་ཆུ་བོ་ལྷུང་ལྷུང་འབབ།།
འདབ་ཆགས་རྣམས་ནི་བྲོ་གར་རྩེན་ཞིང་ལྟོ་དཀར་ཉ་མོས་འཁྱུག་རྩལ་སློབ།།
ཆུ་ལས་སྐྱེས་དང་ཀུ་མུད་ལ་སོགས་མེ་ཏོག་གསར་བའི་ཕྲ་ཚོམ་ནི།།
འཁྲི་ཤིང་སྒེག་མོའི་ལུས་ལ་འཁྱུད་དེ་རྫོགས་ལྡན་དུས་སྟོན་མཚོན་པར་བྱེད།།
༢།
ངོ་མཚར་དགེ་མཚན་སྟོང་གིས་བརྒྱན་པའི་ཡིད་འོང་ནགས་ཚལ་ཡངས་བ་ན།།
འཛུམ་ལྡན་སྒེག་མཛེས་ཁུ་བྱུག་ཟུང་ནི་ལོ་ཟླའི་རླབས་ཕྲེང་ལ་འགྲོགས་ནས།།
གཞན་དོན་ལྷུན་པོ་བྱེ་བ་ཕྲག་བརྒྱ་ཅིག་ཅར་འདེགས་པའི་སྟོབས་འཆང་ཏེ།།
རབ་ཡངས་རྒྱ་མཚོའི་གོས་ཅན་ཁྱོན་ལ་བསིལ་འཇམ་བདེ་སྐྱིད་བསུ་སླད་རྒྱུ།།
༣།
དབྱར་གྱི་ལང་ཚོ་དར་ལ་བབས་ཚེ་སྣོད་བཅུད་དགེ་ལེགས་སྟོང་གིས་འཁྱུད།།
རྐྱེན་ངན་དགུན་གསུམ་དགྲ་བོ་སླེབས་དུས་ནོར་འཛིན་བུ་མོས་གྲང་འདར་རྒྱག།།
འཁྱགས་རླུང་སྲིན་པོའི་གཡོ་འཕྲུལ་གཅིག་གིས་ཁུ་བྱུག་ཟུང་ནི་སོ་སོར་བསྐྲད།།
ནགས་གནས་བྱ་ཚོགས་ཡོངས་ཀྱི་སེམས་ན་སྐྱོ་བའི་མུན་པ་རབ་ཏུ་འཁྲུགས།།
དུས་ཀྱི་ཚོན་རིས་མང་དུ་འཐུང་བའི་ལོ་འདབ་དམར་བོ་སར་ལྷུང་དུས།།
མཚམས་སྤྲིན་འོད་སྣང་མཁའ་ལ་སྤྲོས་འདྲའི་ཟུངས་ཁྲག་དྲོན་མོ་ས་ལ་བསྐྱིལ།།
ཕན་ཚུན་སྙིང་གཏམ་ག་བུར་ཟེགས་མས་ཡིད་ཀྱི་རོ་འཛིན་ཚིམས་བྱས་ཀྱང་།།
དམ་བཅིང་མཛའ་གཙུགས་འཆིང་ཞགས་དེ་ནི་ནག་ཕྱོགས་མེ་ལྷའི་ཟས་སུ་རོལ།།
༤།
ད་ནི་སྔོན་གྱི་ཡིད་འོང་ཚལ་དེར་ཐན་བྱའི་སྐད་ངན་འབྲུག་ལྟར་སྒྲོགས།།
རྐང་འཐུང་རྣམས་ནི་གོས་དང་བྲལ་ཞིང་འཁྱགས་རླུང་སྤུ་གྲིས་རྨེག་མེད་བཅོམ།།
ཉམ་ཆུང་ཅོ་ཀས་འུ་ཐུག་གཞས་ཆུང་ཤུབ་ཤུབ་ངང་དུ་བླངས་ན་ཡང་།།
བརྩེ་མེད་དགྲ་བོ་ཁྲ་ཡི་དཔུང་ཚོགས་ང་རྒྱལ་མགོ་འཕང་དགུང་ལས་མཐོ།།
༥།
གཏན་བདེའི་དཔལ་མོ་དགའ་མར་བསུ་སླད་ངལ་བརྒྱའི་རྔུལ་ཆུ་ཐོད་ལ་བཟུང་།།
དམིགས་འདུན་ཟབ་མོ་ཡིད་ལ་བཅངས་ནས་རྨ་འབྲིའི་ཀློང་ལ་སྙིང་གཏམ་བརྗོད།།
ལུང་ཟུངས་ཟད་ཅིང་འདབ་གཤོག་ལྷུང་ཏེ་སྲོག་གི་རྒྱུ་བ་འགགས་པ་ན།།
རྣ་བར་གཟན་པའི་སྨྲེ་ངགས་སྒྲ་ཡིས་ས་གསུམ་འགྲོ་ལ་མྱ་ངན་བྱིན།།
༦།
རབ་མཛེས་འཇམ་མཉེན་གཤོག་ཟུང་བསྡེབས་བཞིན་ལྷན་འཛོམས་བརྡ་རྟགས་གསལ་བོར་སྟོན།།
ཕྱོགས་མེད་རྒྱལ་ཁམས་ཀུན་ལ་འགྲིམས་ཏེ་མཐོང་ཐོས་བཅུད་མངར་ཡོངས་སུ་གཞིབ།།
བདེན་གཏམ་གླུ་དབྱངས་ཆེས་ཆེར་བསྒྲགས་པས་འདོད་དོན་ས་བོན་རྙེད་ན་ཡང་།།
རེ་ཞིག་གྲོགས་དང་བྲལ་བའི་སྐྱོ་གར་སྙིང་ལ་བརྣག་པའི་རི་མོ་ཉིད།།
ཚ་གཅན་དྲག་པོའི་མེ་ལྕེ་སྦར་ནས་ཡིད་ཀྱི་འདུན་པ་བསྲེགས་འདོད་ཀྱང་།།
གང་གི་ལྷག་བསམ་ཆུ་བོའི་གདེངས་ཀ་ནམ་མཁའི་མཐའ་ལ་རིང་དུ་སོང།།
འཛེམས་མེད་འུར་སྒྲས་ས་ཆེན་བསྒུལ་ཀྱང་བདེ་སྐྱིད་དྲོད་རླབས་བསུ་ཕྱིར་དུ།།
རྙེད་བཀུར་འདོད་པའི་ཟས་ལ་མི་ཆགས་བག་ཡོད་ཉི་རྡུལ་མང་དུ་བཞེས།།
དེ་བས་སྐབས་རེར་ཚུལ་མི་རླུང་གིས་གནམ་ས་བླ་འོག་བསྒྱུར་ན་ཡང་།།
དུས་ཀྱི་བགོ་སྐལ་ཁོ་ནར་སོམས་ལ་སེམས་པ་སྐྱོ་སྐྱོ་མ་མཛད་དང་།།
ཞི་འཇམ་སྦྲང་ཆར་སིམ་སིམ་འཇོ་སྐབས་འུ་ཅག་བྱ་ཚོགས་ལྷན་འཛོམས་ཀྱི།།
དགའ་སྟོན་མཆོག་ལ་ཅི་དགར་རོལ་ཞེས་ཁུ་བྱུག་བུ་མོས་ཡང་ཡང་གསུངས།།

དཔྱད་མཆན་སྤེལ།