ཀ་བ་ཤིང་ལོ་ཅན་གྱི་གསང་བ་དེ་ཤེས་དུས།།
ཁ་བ་གངས་ཅན་བསྐྱུར་ནས་རྒྱུན་རིང་ཙམ་འགོར་འདུག།
ག་ས་གང་དུ་འཁྱམ་སྟེ་སྐྱབས་བཅོལ་བའི་ཞྭ་མོ།།
ང་ལ་གྱོན་འདོད་མེད་ཀྱང་བཙན་དབང་གིས་གཡོག་སོང་།།
ཅ་ག་དག་པོ་ཡོང་བའི་འབད་རྩོལ་རང་བྱེད་བཞིན།།
ཆ་མེད་རྒྱུས་མེད་ཡུལ་གྱི་མི་ཚོགས་དཀྱིལ་འཚང་ནས།།
ཇ་ཆང་མཚར་གླུར་རོལ་བའི་དང་ག་དེ་མེད་ཀྱང་།།
ཉ་ཉོག་ངང་ནས་མི་ཚེའི་ཕྲེང་བ་དེ་ཟད་འདུག།
ཏ་ཧན་དམར་པོས་སྡུག་རྩུབ་དྲོ་བ་དེ་མྱངས་ཡོད།།
ཐ་ཐོར་བཙན་བྱོལ་བོད་མིའི་སྐྱིད་སྡུག་ཀྱང་རྟོགས་ཡོད།།
ད་ལྟའི་རྒྱལ་སྤྱིའི་གནས་བབ་རྒྱུས་ལོན་ཡང་བྱུང་ཡོད།
ན་མཉམ་ཁྲོད་ནས་གནོང་འགྱོད་མེད་པ་ཞིག་བྱས་ཡོད།།
པ་སངས་སྐར་མ་ལྟ་བུའི་ལྷག་བསམ་དེས་མི་ཆོག།
ཕ་མ་གཡོ་འཚོང་ཐུབ་པའི་ཁྲམ་གཤིས་དེ་ཡོད་པའི།།
བ་ཕྱུགས་གཤིས་ཀ་ཅན་ཚོས་ཐུབ་ཚོད་དེ་བཏང་ཡོང་།།
མ་རབས་ཕྱོགས་རིས་ཅན་ཚོར་སྙིང་རྗེ་ཡིས་མི་ཕན།།
ཙ་རིའི་གནས་ཆེན་ཕྱི་ནང་གཉིས་ཀ་ཡིས་མཆོད་ཀྱང་།
ཚ་གྲང་ཇི་བཞིན་ལྟ་སྤྱོད་ཡ་བྲལ་དུ་སོང་ཡོད།།
ཛ་དྲག་གཉན་འཕྲང་ཆེ་བའི་དུས་སྐབས་ལ་སླེབས་ཀྱང་།།
ཝ་སྐྱེས་སེང་གེར་རློམས་མཁན་ཇེ་མང་ནས་ཇེ་མང་།།
ཞྭ་སེར་དམར་ནག་ཆོས་ཞེན་དུག་ནག་གིས་བཟི་ཞིང་།།
ཟ་འདྲེ་ཁོག་ཞུགས་ཆོལ་ཞེན་རལ་གྲི་དེ་འཕྱར་བཞིན།།
འ་ཅག་ནང་ཁུལ་དགྲ་བོའི་དངས་མ་རུ་མཐོང་བ།
ཡ་མཚན་འཇིག་རྟེན་སྐྱོ་གར་དགྲ་མདུན་ནས་འཁྲབ་སོང་།།
ར་ལུག་མིན་ན་རིགས་མཐུན་བྱམས་བརྩེ་ཡིས་སྐྱོངས་དགོས།།
ལ་རྒྱའི་ཟུངས་ཁྲག་དྲོན་མོ་ལྷོག་ལྷོག་ཏུ་འཕྱུར་དགོས།།
ཤ་ཚ་བྱེད་ས་བོད་རིགས་ནང་ཁུལ་ལ་ཡིན་དགོས།
ས་སྟེང་འདི་ནས་ལོ་རྒྱུས་ཟིན་ཐོ་ཞིག་འཇོག་དགོས།།
ཧ་ལམ་དེང་གི་མི་རྣམས་རང་རློམས་དེ་ཆེ་བས།།
ཨ་མ་ཡིན་ཡང་བཀུར་བའི་གཤིས་བཟང་དེ་མི་འདུག།
ཧ་ཅང་ཕངས་པའི་གནས་ཚུལ་གང་མང་ཞིག་མཐོང་ནས།།
ཨ་ཆད་ཨུ་ཐུག་སྡུག་སྐད་དབང་མེད་དུ་ཤོར་སོང་།།
ལུང་རྟོགས་ནས།
ཕྱི་ལོ་༢༠༡༩ ཟླ ༣ ཚེས་༡༥ ཉིན།

དཔྱད་མཆན་སྤེལ།