(མི་ལོ་ཉི་ཤུའི་སྔོན་གྱི་སྙན་རྩོམ་འདི་ཀློག་དུས་གཞོན་དུས་ཀྱི་ང་རྒྱལ་དེ་མཐོང་ཐུབ)
གངས་རིའི་བཅུད་དང་ཆུ་སྤྲིན་བ་གམ་ནས་བརྡོལ་ཞིང་།། གྱ་གྱུའི་འགྱུར་ཁུགས་ནོར་འཛིན་དགའ་ཚལ་ན་སྙན་པ།།
དགུ་ཆུ་ཁོ་བོ་ལོ་རྒྱུས་ཟུང་སྟོབས་དེ་རྒྱས་པའི།། ཉལ་འགྲོ་ཡིན་ཀྱི་དོན་མེད་གཙང་བོ་ཞིག་མ་ཡིན།།
དེ་བས་ལྗོངས་འདིའི་དར་རྒུད་རྨི་ལམ་གྱི་ཟློས་གར།། བདག་ཡིད་དྲི་བྲལ་གཡུ་སྔོན་མེ་ལོང་ན་གསལ་བའི།།
རིག་འབྱུང་གྲོང་ལ་མཇལ་འདོད་རྒྱང་རིང་གི་སྤུན་ཟླ།། སྙན་དབང་པདྨོ་མ་གཡེང་དར་ཅིག་ལ་གསོན་དང་།།
ཨེ་མ་རྨད་བྱུང་གནས་མཆོག་བསིལ་ལྗོངས་ཀྱི་ཐིག་ལེ།། གྲུ་འཛིན་རི་བོའི་དཔལ་འཕྲོག་རེ་སྐོང་གི་ཁོར་ཡུག།
འཆི་མེད་བཟོ་བོ་མཆོག་གི་སོར་རྩེ་ལས་འཕོས་པ།། མ་བརྗོད་གྲགས་སྙན་སྲིད་པའི་དབུ་རྩེ་རུ་བསྐྱོད་ཡོད།།
ཀུན་གསལ་གཞོན་ནུར་འཁྱུད་པའི་གྱེན་འཕྱུར་གྱི་སྒེག་མོ།། གཡུ་ལོ་རྣམ་བཀྲ་ཚང་ཚིང་འཕྱང་འཕྲུལ་གྱིས་བརྒྱན་ན།།
ཐིག་ལེ་མཆོག་མ་མི་བཟོད་ཕྲག་དོག་གི་མྱོས་ཏེ།། མལ་ཁྲིའི་ཐ་མར་བསྙེགས་ལ་བཤོལ་ཐབས་ཤིག་མེད་འགྲོ།།
བཻཌའུ་ཞུན་མ་དྭངས་གཙང་མཚོ་རྫིང་ལ་སྤྲུལ་ནས།། གསེལ་ལྡན་ཕང་བར་འཁྱིལ་བའི་མཛེས་སྡུག་གི་དོ་རྭར།།
མཚན་དགུང་རྒྱུ་སྐར་གྲངས་མེད་རྩེད་འཇོ་ལ་རོལ་བ།། མཐོན་མཐིང་ནམ་མཁས་བསྒྲུན་འདོད་ཅོལ་ཆུང་གི་རང་མཚང་།།
རབ་དཀར་ཝུ་ཕྲེང་འཕྱོ་བའི་རླབས་རིས་ཀྱི་དོ་ཤལ།། རབ་དྭངས་བསིལ་ཆབ་དགའ་བའི་མགྲིན་རྒྱན་ལ་གསོལ་དེ།།
རབ་སྙན་ལྷུང་ལྷུང་རྒྱུད་མངས་ཉིན་མཚན་དུ་སྒྲེང་ན།། རབ་སྒེག་ཚངས་སྲས་དབྱངས་ལ་སྨོན་པ་དེ་ལྷོད་འགྲོ།།
སྙེ་མའི་ཁུར་ལྕི་འབྲས་ལྡན་འབྲུ་དྲུག་གི་ཚོམ་བུ།། རོ་བརྒྱའི་བཅུད་རྫོགས་སྨིན་ལེགས་བཟའ་ཤིང་གི་ཕང་ཕུང་།།
དཀར་དམར་མཚར་སྡུག་དགོད་པའི་འཆི་མེད་ཀྱི་མེ་ཏོག། རིན་ཆེན་སྣ་བརྒྱའི་དཔལ་གྱི་ཟླ་བོ་རུ་སྙེམས་ཡོད།།
མིག་མངས་རིས་ཕབ་གྲོང་དང་གྲོང་ཁྱེར་གྱི་ཚོགས་ཀུན།། རྒྱུ་སྐར་ཕྲ་ཚོམ་འཛིན་མར་འཕོས་པ་རང་མིན་ན།།
སྟེང་ཕྱོགས་སུམ་རྩེན་གཞལ་མེད་ཕོ་བྲང་གི་གཟི་དཔལ།། ཇི་བཞིན་བཟོ་བོ་མཁས་པའི་བློ་ཐབས་ཀྱིས་བསྐྲུན་ངེས།།
དེ་ཡི་སྙིང་པོར་ཆགས་པའི་བདེ་ཆེན་གྱི་ཆོས་འཁོར།། དབུས་གཙང་ཆོས་ཀྱི་ཞིང་ཁམས་གཉིས་པ་རུ་གྲགས་པ།།
དབྱངས་སྙན་དབྱར་སྐྱེས་རྫ་རྔ་དར་དིར་དུ་སྒྲོགས་པ།། ཇི་སྙེད་སྐྱེ་དགུའི་ཡིད་ཀྱི་གསོས་སྨན་རུ་གྱུར་ཡོད།།
མཁས་མང་ཐུགས་རྒྱུད་ཆུ་སྤྲིན་བང་རིམ་གྱི་གསེབ་ནས།། ལེགས་བཤད་དྭངས་བསིལ་སྦྲང་ཆར་སིམ་སིམ་དུ་འཇོ་བ།།
ངོམས་མེད་རོལ་བའི་དྲན་དབང་རྐང་འཐུང་གི་ཚང་ཚིང་།། མཇལ་ཚེ་ཀུན་གྱི་ཡིད་དབང་སྤྲོ་དགའ་ཡིས་ཚིམ་ཡོང་།།
ལྔ་ཟུང་རིག་པའི་ནོར་བུ་ལྷུན་པོ་ལྟར་བརྡོལ་བའི།། མ་ཡུམ་སློབ་གྲྭ་ཀླུ་དབང་བང་མཛོད་ཀྱི་ཁྲོད་ན།།
གྲངས་མེད་སྐལ་ལྡན་དོན་མཐུན་དགའ་སྤྲོ་ཡིས་རྩེན་པ།། མདོངས་མཐའི་སྙིང་ལ་དབྱར་སྐྱེས་ལྡིར་བ་དེས་མཚོན་ནོ།།
རྩལ་དྲུག་ཁོ་ལག་ཕྱོགས་རྫོགས་སྟག་ཤར་གྱི་གཞོན་ནུ།། གངས་ཅན་ལྗོངས་ལ་བདེ་སྐྱིད་རྫོགས་ལྡན་གྱི་དུས་སྟོན།།
རིངས་པར་བསུ་བའི་སྤོབས་པ་བླ་ལྷག་ཏུ་རྒྱས་ནས།། གཙུག་ལག་འོ་མཚོའི་ཀློང་ན་ཅི་དགའ་ཏུ་རྩེན་ཡོད།།
སྒེག་མཛེས་བཞིན་དཔལ་ཉ་གང་ཟླ་དཀྱིལ་གྱི་ལང་ཚོ།། དཀྱུས་རིང་འདྲེན་བྱེད་རི་སྐྱེས་མེ་ཏོག་གི་འདབ་མ།།
མཆུ་སྒྲོའི་དམར་མདངས་འདོད་ལྡན་མྱོས་བྱེད་ཀྱི་སྦྲང་ཆང་།། ངུར་པའི་འགྲོས་ལ་བྱང་པའི་རྐེད་མེད་ཀྱང་མང་ངོ་།།
དེ་ལྟའི་སྣོད་བཅུད་དཔལ་ལ་སེམས་གཏིང་ནས་འཕྲེང་ཡང་།། སྔོན་བསྐྱོད་གོམ་པའི་འདེགས་འཇོག་མྱུར་མོ་རུ་བསྒྱུར་ནས།།
ཡངས་པའི་རྒྱལ་ཁམས་ཁྱོན་ལ་ལྟད་མོ་རེ་གཟིགས་ཏེ།། མཐོང་ཐོས་ཟེགས་མས་བློ་སྤོབས་རྦ་ཀློང་དེ་གསོ་དགོས།།
གཙུག་ལག་ཞུགས་ལ་གཞེན་པའི་ཐལ་ཕུང་གི་ལྷུན་པོ།། མཁས་གྲུབ་སྐྱེ་དགུ་བགྲོངས་པའི་ཟུངས་ཁྲག་གི་བསང་གཏོར།།
དམངས་རྣམས་ཏིལ་བཞིན་བཙུར་བའི་འུ་ཐུག་གི་སྡུག་གླུས།། ང་ཡི་དྭངས་གཙང་སེམས་ལ་རྨ་ཁ་ཞིག་བཟོས་ཡོད།།
འདི་དག་བསམ་ན་ཁྲོང་ཁྲོའི་རླབས་ཕྲེང་དེ་བརྐྱངས་ནས།། མ་རུངས་དགྲ་ཚོགས་ཁྱུར་མིད་བྱེད་སྙིང་རེ་འདོད་ཀྱང་།།
མདུན་ལམ་བར་ཆད་བྲག་རི་སོ་ཁ་ལྟར་དཀྲིགས་པས།། ད་ནི་ཅི་བྱ་ཅི་བྱེད་མནོ་བསམ་ཞིག་གཏོང་དགོས།།
ལྷག་བསམ་རླབས་ཀྱི་སྟང་སྟབས་ལོང་ལོང་དུ་བསྒྱུར་བས།། གངས་ལྗོངས་ཞིང་ལ་ཞི་བདེའི་དུས་སྟོན་ཙམ་ཡོང་ན།།
གཞན་དབང་གཅོང་རོང་ཟབ་མོས་སྦུབས་རོལ་དུ་དྲངས་ཀྱང་།། ཞུམ་མེད་སྤོབས་པའི་གླུ་གཞས་བར་མེད་དུ་སྒྲོགས་ངེས།།
དགུ་ཚིགས་ཞགས་པ་ཡན་ལག་བརྒྱད་ལྡན་དུ་སྤྲུལ་ནས།། དགུ་གྲངས་གྲོང་བརྡལ་བརྒྱུད་ནས་ལྷུང་ལྷུང་དུ་འབབ་པའི།།
དགུ་འདུས་ཆུ་ཀླུང་ཁོ་བོའི་སྙིང་ཁོངས་ཀྱི་གཏམ་འདི།། དགུ་ཟུང་སྙན་ཚིག་ལམ་ནས་དབང་མེད་དུ་བརྡོལ་སོང་།
ལུང་རྟོགས་སམ་ཁ་བ་ནག་པོས།

དཔྱད་མཆན་སྤེལ།