
ཕྱི་ལུགས་ལོ་གསར་ཉིས་སྟོང་བཅུ་བདུན་ལ་སླེབས་སོང་།། རང་དབང་ཤོར་ནས་མི་ལོ་ང་བརྒྱད་དེ་འགོར་སོང་།།
ང་བརྒྱད་ཟེར་བའི་ཚིག་མདའ་སྙིང་ཁོངས་ལ་ཟུག་གི། ལོ་གསར་བསུ་སྟངས་འདི་ལ་ཁྲེལ་དགོད་རེ་མ་ཤོར།།
གཞན་དབང་ལྕགས་ཐག་ནག་པོས་བསྡམས་པ་འདི་བདེན་ཀྱང་།། རང་དབང་གཤོག་ཟུང་བསྐྱངས་ནས་ཕུར་འདོད་དེ་ཡོད་ན།།
བར་ཆར་དྲག་རླུང་རྩུབ་པོ་གནས་སྐབས་ཙམ་ཡིན་པས།། མུན་ནག་ཁྲོད་ནས་འོད་སྣང་འཚོལ་བ་རུ་འབད་ཆོག།
ནང་པའི་གཞུང་ནས་རྟག་བརྟན་དངོས་པོ་ཞིག་མེད་གསུང་།། ལོ་རྒྱུས་ཁྲོད་ནས་འགྱུར་མེད་རྒྱལ་རབས་ཞིག་མི་རྙེད།།
ཆབ་སྲིད་འཕོ་འགྱུར་སྟོན་ཁའི་གནམ་གཤིས་དང་འདྲ་བ།། བསམ་ཞིང་བསམ་ཞིང་རེ་བའི་མེ་ལྕེ་ཞིག་འབར་ཡོང་།།
འཛམ་གླིང་གནས་ཚུལ་འགྱུར་ལྡོག་སྐད་ཅིག་ཙམ་ཡིན་ཀྱང་།། ཡོད་ཚད་རྒྱུ་ནོར་སྲིན་མོའི་རྣམ་འགྱུར་ལ་བསྟུན་པ།།
བསམ་ན་དྲང་བདེན་བུ་ཆུང་བརྩེ་མེད་དུ་གཡུག་འདུག། རང་མགོ་རང་གི་འདོན་པའི་དུས་སྐབས་དེ་ཡིན་ནོ།།

དཔྱད་མཆན་སྤེལ།