(རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་གྱི་ཉིན་གཉིས་པ། ཕྱི་ལོ་༢༠༡༦་ཟླ་༩་པའི་ཚེས་༨་གཟའ་ཕུར་བུ)
ཚོགས་ཆེན་ཉིན་དང་པོའི་ཚོགས་མགོན་དུ་༧སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཕེབས་ཀྱི་ཡོད་པར་བརྟེན་དེ་རིང་སྔ་བོར་ལངས་ནས་གྲ་སྒྲིག་བྱས་པ་ཡིན། ནམ་རྒྱུན་དང་མ་འདྲ་བར་ད་ལོར་གནས་འདིར་ཉིན་ཤས་རིང་ཚ་བ་ཆེན་པོ་ཞིག་སླེབས་ཡོད་པ་དང་། ཚོགས་ཁང་ནང་གྲང་གློག་མེད་པར་བརྟེན་༧གོང་ས་མཆོག་ལ་སྐུ་ངལ་ཆེན་པོར་སྤྲད་སོང་། རང་ཉིད་ནམ་རྒྱུན་༧གོང་ས་མཆོག་ལ་མཇལ་འཕྲད་ཀྱི་གོ་སྐབས་ཐོབ་དུས་སྐུའི་འཕྲོད་བསྟེན་སོགས་ལ་དོ་སྣང་ཆེན་པོ་བྱས་པ་ཡིན། དེ་རིང་ཚ་བ་ཆེན་པོ་འདིའི་ནང་དུ་ཚོགས་འདུའི་ནང་བཀའ་གསུང་གནང་རྗེས་ཚང་མའི་མཉམ་དུ་སྐུ་པར་སྒྲོན་པ། ད་དུང་འཚང་ཀ་ཤིག་ཤིག་ངང་ཁོང་ལ་ཕྱག་གཏོང་མཁན་གྱི་ཚོགས་ཞུགས་པ་རྣམས་ལ་ཞལ་རས་འཛུམ་དང་བཅས་ཐུགས་རྗེ་ཆེ།
ཐུགས་རྗེ་ཆེ་གསུང་བཞིན་ཕེབས་པ་དང་། ཁོང་གིས་དེ་ལྟར་གསུང་བ་ནི་བོད་དོན་རྒྱབ་སྐྱོར་བ་རྣམས་ཀྱིས་བོད་མི་མང་དཀའ་སྡུག་གི་གནས་སྟངས་ནང་ལྷུང་ཡོད་པའི་སྐབས་འདིར་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་གསུང་གི་ཡོད་རེད། འདི་ལྟར་མི་ལོ་དྲུག་ཅུ་ལྷག་གི་རིང་ཁོང་གིས་ཕྱག་གཉིས་ཐལ་མོར་སྦྱར་ནས་འཛམ་གླིང་མི་མང་ལ་ཐུགས་རྗེ་ཆེ།
སྐུ་མཁྱེན། བོད་དོན་ལ་རྒྱབ་སྐྱོར་གནང་རོགས།
བདེན་པ་ལ་རྒྱབ་སྐྱོར་གནང་རོགས།
བོད་མི་ཉམ་ཐག་ཚོར་མགོན་སྐྱོབས་གནང་རོགས་གསུང་བཞིན།
ད་ནི་དགུང་གྲངས་བརྒྱད་ཅུ་བརྒལ་ནས་ཆིབས་བསྒྱུར་ལ་མཛད་དཀའ་འདི་འདྲ་ཡོད་ཀྱང་། བཞེངས་བཞུགས་ཀྱི་སྐབས་སུ་གཡས་གཡོན་ནས་སྐྱོར་བའི་གནས་སྐབས་འདི་འདྲ་ཞིག་སྐབས་སུ་ཡང་། ད་དུང་ཕྱག་གཉིས་ཐལ་མོར་སྦྱར་ནས་བོད་མི་མང་གི་ཆེད་སྐུ་ངལ་བསྐྱོན་པ་མཐོང་དུས་ངའི་སེམས་ནས་སྨྲ་མི་ཤེས་པའི་སྐྱོ་སྣང་ཞིག་དང་། མིག་ཟུང་ནས་མཆི་མ་དབང་མེད་དུ་བཞུར་སོང་།
༧གོང་ས་མཆོག་ནས་ད་ཐེངས་ཀྱི་ཚོགས་ཞུགས་པ་རྣམས་ལ་ཐུགས་རྗེ་ཆེའི་གསུང་བཤད་གནང་བ་དང་། ཁོང་གི་མཛད་འགན་གསུམ་གྱི་སྐོར་ངོ་སྤྲོད། ལྷག་པར་དུ་འཛམ་གླིང་གི་འགྲོ་བ་མི་མང་པོར་ཕན་ཐོགས་ཤིན་ཏུ་ཆེ་བའི་བོད་ཀྱི་ཆོས་དང་རིག་གཞུང་སྲུང་སྐྱོབ་བྱེད་རྒྱུ་གལ་ཆེན་ཡིན་སྐོར་བཅས་གསུང་སོང་།
ཚོགས་འདུར་ཕེབས་བའི་སྐུ་མགྲོན་གཙོ་བོར་ཡོ་རོབ་གྲོས་ཚོགས་སྤྱི་ཚོགས་བདེ་དོན་དང་དཔལ་འབྱོར་ཚོགས་ཆུང་གི་ཚོགས་གཙོ་ཟུར་བ་དང་། ཡོ་རབ་གྲོས་ཚོགས་འགྲོ་བ་མིའི་ཐོབ་ཐང་དང་ཕྱི་འབྲེལ་ཚོགས་ཆུང་གི་ཚོགས་མི། དེ་བཞིན་སྲིད་སྐྱོང་བློ་བཟང་སེང་གེ། ཧྥེ་མིན་ཞི་གྲོས་ཚོགས་ཀྱི་ཚོགས་གཙོ་བཅས་ནས་བོད་དོན་ལ་རྒྱབ་སྐྱོར་དང་ཐུགས་རྗེ་ཆེའི་གསུང་བཤད་སོགས་གནང་སོང་།
དེ་ནང་རིམ་བཞིན་༧གོང་ས་མཆོག་གི་དམིགས་བསལ་སྐུ་ཚབ་ཟུར་བ་སྐལ་བཟང་རྒྱལ་མཚན་མཆོག་ནས་བོད་དོན་ལ་ཆབ་སྲིད་ཀྱི་རྒྱབ་སྐྱོར་ཅི་ལྟར་གནང་དགོས་པའི་སྐོར་གྱི་གསུང་བཤད་དང་། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཐུབ་བསྟན་བསམ་འཕེལ་མཆོག་ནས་ཕྱི་སྡོད་རྒྱ་རིགས་དང་མཛའ་འབྲེལ་ཚོགས་པ་ཁག་བཅས་ཀྱི་བྱུང་རིམ་དང་ཕན་འབྲས་བཅས་ཀྱི་སྐོར་ལ་གསུང་བཤད། དེ་བཞིན་ཕྱི་འབྲེལ་ཁོར་ཡུག་སྡེ་ཚན་གྱི་ལས་བྱེད་བསྟན་པ་ལགས་ནས་བོད་ནང་ཁོར་ཡུག་གཏོར་བཤིག་བཏང་བའི་མཇུག་འབྲས་སོགས་ཀྱི་སྐོར་ལ་གསུང་བཤད། ད་དུང་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་འགན་འཛིན་ཚེ་རིང་མཚོ་མོ་དང་ཆབ་སྲིད་བཙོན་ཟུར་མགོ་ལོག་འཇིགས་མེད་ལགས་གཉིས་ཀྱིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དང་། ལྷག་པར་དུ་མགོ་ལོག་འཇིགས་མེད་ལགས་ནས་ཁོང་ལ་རྒྱ་དམར་གྱིས་བསམ་ཡུལ་འདས་པའི་མནར་གཅོད་བཏང་བའི་གོ་རིམ་སོགས་གསུང་སོང་།
ཉིན་གུང་ཞལ་ལག་གི་རྗེས་སུ་རྒྱ་རིགས་མཁས་དབང་LAU HON SHIANG་ལོའུ་ཧོང་ཞིན་མཆོག་གིས་བོད་ཀྱི་ལོ་རྒྱུས་སྐོར་གྱི་གསུང་བཤད་ཅིག་གནང་བ་དེ་ནི་དངོས་ནས་ཡིད་དབང་འཕྲོག་པ་ཞིག་བྱུང་། ཁོང་གིས་གསུང་སྟངས་ལ་མི་སེམས་འགུག་པའི་སྒྱུ་རྩལ་ལྡན་པ་དང་། བོད་རང་བཙན་གྱི་རྒྱལ་ཁབ་ཡིན་པའི་སྒྲུབ་བྱེད་ལ་བོད་ཀྱི་ལོ་རྒྱུས་སྨྲ་བ་དང་ཕྱི་རྒྱལ་བའི་ལོ་རྒྱུས་སྨྲ་བར་གཞི་ལ་བཞག་ནས་མི་བཤད་པར།
རྒྱ་ཡིག་གི་ནང་བྲིས་ཡོད་པ། རྒྱ་མི་རིགས་ཀྱིས་འབྲི་རྩོམ་བྱས་པ། རྒྱ་རིགས་མཁས་དབང་རྣམས་ཀྱིས་ཁས་ལེན་པ། མི་ལོ་ཆིག་སྟོང་ལྷག་གི་རྒྱའི་ལོ་རྒྱུས་ཀྱི་ཡིག་ཚགས་སོགས་ལ་གཞི་བཞག་ནས་བོད་རང་བཙན་ཡིན་པ་ཁུངས་སྐྱེལ་བྱས་སོང་།
དུས་ཚོད་ཀྱིས་དབང་གིས་གནས་ཚུལ་ཞིབ་ཕྲ་གསུང་བའི་གོ་སྐབས་མེད་ཀྱང་། ཁོང་གིས་ལོ་མང་རིང་ཞིབ་འཇུག་བྱས་ཤིང་རྒྱལ་རབས་གསུམ་གྱི་ཡིག་ཆ་བང་སྒྲིག་ནས་ངོ་སྤྲོད་རགས་ཙམ་གནང་སོང་བར་ང་ལ་མཚོན་ན་བློ་བསྐྱེད་ཧ་ཅང་ཆེན་པོ་བྱུང་། ཚོགས་འདུ་སྟངས་འཛིན་པས་ཁོང་ལ་ཐུགས་རྗེ་ཆེ་ཞུས་པ་མ་ཟད་ཁོང་གི་ཞིབ་འཇུག་རྣམས་པར་སྐྲུན་བྱེད་ཐུབ་ན་དགེ་མཚན་ཆེན་པོ་ཡོད་སྐོར་གསུང་སྐབས་ཚང་མས་ཐལ་མོ་བརྡབ་ནས་དགའ་འབོད་ཀྱང་བྱས་སོང་།
དེ་ནས་ཤར་གླིང་ཟླ་སྒྲོན་དང་བསྟན་འཛིན་འཇིགས་གྲོལ་ལགས་རྣམ་གཉིས་ཀྱིས་རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་པའི་ལས་འགུལ་གྱི་གྲུབ་འབྲས་སོགས་ངོ་སྤྲོད་བྱས་པ་དང་། ཚོགས་འདུའི་བར་གསེང་རྗེས་ཚོགས་ཞུགས་པ་རྣམས་ཚོགས་ཆུང་ཁག་བཞི་རུ་བགོས་སོང་། ད་ཡང་འགྲོ་བ་མིའི་ཐོབ་ཐང་། ཁོར་ཡུག་སྲུང་སྐྱོབ། བོད་དོན་ལ་ཆབ་སྲིད་ཀྱི་རྒྱབ་སྐྱོར་ཐོབ་ཐབས། རྒྱ་མི་རིགས་ལ་འབྲེལ་བ་བྱེད་སྟངས་བཅས་བརྗོད་གཞི་ཁག་གི་ཐོག་གྲོས་བསྡུར་ལྷུག་པོ་གནང་སོང་། རང་ཉིད་བོད་ཀྱི་ཁོར་ཡུག་སྐོར་གྱི་ཚོགས་ཆུང་ལ་ཞུགས་པ་ཡིན།
ཕྱི་དྲོའི་ཆུ་ཚོད་དྲུག་པར་དཔལ་ལྡན་སྲིད་སྐྱོང་མཆོག་ནས་ཚོགས་པ་ཚང་མར་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ལས་འཆར་རྣམས་ངོ་སྤྲོད་གནང་བ་དང་དྲི་བ་དྲིས་ལན་གྱི་གོ་སྐབས་ཀྱང་ཕུལ་སོང་།

དཔྱད་མཆན་སྤེལ།