ཉིན་ཐོག་ཁག་དང་པོ།
(ཕྱི་ལོ་༢༠༡༦་ལོའི་ཟླ་༩་པའི་ཚེས་༦་ཉིན་སིག་ནེའི་གནམ་ཐང་དུ)
རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་བདུན་པ་ཡོ་རོབ་རྒྱལ་ཁབ་སྦེལ་རྗེམ་དུ་ཕྱི་ལོ་༢༠༡༦་ལོའི་ཟླ་༩་པའི་ཚེས་༨་ནས་༡༠ བར་ཚོགས་གཏན་ཁེལ་བ་ལྟར། རང་ཉིད་ཀྱང་ཨོ་སི་ཊི་ལི་ཡའི་རྒྱལ་ཡོངས་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོའམ་བོད་རིགས་མི་མང་གི་ཚབ་བྱས་ནས་འགྲོ་གི་ཡོད། རང་ཉིད་སྡོད་ས་ནེཡོའུ་ཁའ་སལ་ནས་མེ་འཁོར་ནང་ཆུ་ཚོད་གཉིས་དང་ཕྱེད་ཀའི་འགྲུལ་བཞུད་བྱས་པས་སིག་ནེར་གནམ་ཐང་ལ་སླེབས། སིག་ནེ་གནམ་ཐང་ནས་ངལ་གསོ་ཅུང་ཟད་རྒྱག་པའི་གོ་སྐབས་བྱུང་པ་དང་། ཚིག་ཇ་ཞིག་བཏུང་སྐབས་སེམས་ཚོར་ལྕི་མོ་ཞིག་གམ་བསམ་བློ་འདི་འདྲ་ཞིག་འཁོར།
སྔོན་མ་བོད་ཀྱི་འཐབ་རྩོད་དེ་དྲང་བདེན་གྱི་འཐབ་རྩོད་ཅིག་ཡིན་པས་དྲང་བདེན་ལ་རྒྱལ་ཁ་ཐོབ་པའི་ཡོད་ཆེས་བྱེད་མཁན་ཞིག་ཡིན། འོན་ཀྱང་། དོན་དངོས་ཐོག་བོད་ཀྱི་འཐབ་རྩོད་འདི་དྲང་བདེན་གྱི་འཐབ་རྩོད་ཙམ་མ་ཡིན་པར། འདི་ནི་ཧ་ཅང་གཏིང་ཟབ་པའི་ཆབ་སྲིད་ཀྱི་འཐབ་རྩོད་ཅིག་དང་། འཐབ་རྩོད་དེ་ནི་རྒྱལ་སྤྱི་དང་རྒྱ་ནག ད་དུང་ཨེ་ཤི་ཡ་མངའ་ཁུལ། བོད་མི་རིགས་ཀྱི་མངོན་འདོད་དང་འཐབ་རྩོད་ཀྱི་སྙིང་སྟོབས་སོགས་ཧ་ཅང་མགོ་རྙོག་ཆེ་བའི་ཆབ་སྲིད་ཀྱི་འཐབ་རྩོད་ཡིན་པས། ཆབ་སྲིད་ཀྱི་འཐབ་རྩོད་ལ་ཆབ་སྲིད་ཀྱི་ཐབས་ལམ་དགོས་པ་མ་ཟད་ཐབས་ཇུས་གཏིང་ཟབ་པོ་ཞིག་ཀྱང་དགོས་པ་སྨྲོས་མེད་རེད། རང་ཉིད་ལ་ཆབ་སྲིད་བཙོན་ཟུར་གྱི་མིང་ཙམ་ཡོད་པ་ལས་ད་ལྟའི་བར་རྒྱལ་སྤྱིའི་ཆབ་སྲིད་དང་། རྒྱ་ནག་གི་ཆབ་སྲིད། ཐ་ན་བོད་པའི་སྤྱི་ཚོགས་ནང་གི་ཆབ་སྲིད་བཅས་ལ་སློབ་སྦྱོང་དང་། སྦྱོང་བརྡར། ཉམས་མྱོང་སོགས་མེད་པས། ད་ཐེངས་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ལ་འགྲོ་རྒྱུ་ནི་ང་ལ་མཚོན་ན་བསམ་བློའི་གྲ་སྒྲིག་དེ་ཙམ་མེད་པ་དང་། ཚོགས་ཆེན་འདི་འདྲ་ཞིག་ཚོགས་དགོས་པའི་དམིགས་ཡུལ་དང་། དགོས་པ། གྲུབ་འབྲས་ག་ཚོད་ཅིག་ཡོང་གི་ཡོད་དམ་སྙམ་བཞིན་སྦེལ་རྗེམ་ལ་འཕུར་བའི་གྲ་སྒྲིག་བྱས། ད་ཐེངས་ཀྱི་ཚོགས་ཆེན་འདིའི་ཚོགས་མགོན་དུ་༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་། བོད་མིའི་སྒྲིག་འཛུགས་ཀྱི་ཆེས་མཐོའི་ཆབ་སྲིད་ཀྱི་དབུ་ཁྲིད་སྲིད་སྐྱོང་། བོད་མི་མང་གི་སྤྱི་འཐུས་ལྷན་ཁང་གི་ཚོགས་གཙོ། ད་དུང་སྐུ་ཚབ་དོན་གཅོད་ཁག བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་གི་ཚོགས་གཙོའམ་འགན་འཛིན། བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་རྣམས། ད་དུང་རྒྱ་རིགས་མཁས་དབང་སོགས་བཅར་གྱི་ཡོད་པར་བརྟེན་རང་ཉིད་མི་སྒེར་ལ་རིན་ཐང་ཆེན་པོ་ཡོད་མེད་ལ་མ་བལྟས་བར། ད་ཐེངས་ཀྱི་ཚོགས་ཆེན་འདི་རྣམ་པའི་ཐོག་ནས་གལ་ཆེན་པོ་ཆགས་ཡོད་པ་མ་ཟད། ཉིན་གསུམ་རིང་གི་ཚོགས་ཆེན་གྱི་བརྒྱུད་རིམ་ཁྲོད་བོད་དོན་ལ་ཕན་པའི་ཐག་གཅོད་ཁག་གཅིག་ཡོང་གི་ཡོད་པའི་ཚོད་དཔག་བྱས་པ་ཡིན།

དཔྱད་མཆན་སྤེལ།